ལེའུ་སོ་བདུན་པ།
ཚིད་ཀི་ཡཱ་ཡིས་རང་གི་ཚབ་ཏུ་སྨོན་ལམ་འདེབས་པར་ཡེ་རེམ་ཡཱ་ལ་ཞུས་པ།
1 ཡོ་ཤི་ཡཱའི་བུ་ཚིད་ཀི་ཡཱ་བྱ་བ་ཡེ་ཧོ་ཡཱ་ཀིམ་གྱི་བུ་ཀོན་ཡཱའི་ཚབ་ཏུ་ཡ་ཧུ་དཱའི་རྒྱལ་པོར་བསྡད་ནས་སྲིད་བསྐྱངས་པ་སྟེ། པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་དེ་ཡ་ཧུ་དཱ་རུ་རྒྱལ་པོ་བྱེད་དུ་བཅུག 2 ཡིན་ནའང་ཚིད་ཀི་ཡཱ་དང་དེའི་འཁོར་གཡོག་རྣམས་དང་། ཡུལ་མི་དག་གིས་དཀོན་མཆོག་ཡ་ཝཱེས་ལུང་སྟོན་པ་ཡེ་རེམ་ཡཱ་བརྒྱུད་ནས་གསུངས་པའི་བཀའ་ལ་མ་མཉན་ཏོ། ། 3 དེ་ཡང་རྒྱལ་པོ་ཚིད་ཀི་ཡཱ་ཡིས་ཤེ་ལེམ་ཡཱའི་བུ་ཡེ་ཧུ་ཀལ་དང་། མཆོད་དཔོན་མ་ཨ་སེ་ཡཱའི་བུ་ཟེ་ཕན་ཡཱ་གཉིས་པོ་ལུང་སྟོན་པ་ཡེ་རེམ་ཡཱའི་དྲུང་དུ་མངགས་ནས་འདི་ལྟར། ཁྱེད་ཀྱིས་ངེད་ཅག་གི་དོན་དུ་རང་རེའི་དཀོན་མཆོག་ཡ་ཝཱེ་ལ་གསོལ་བ་འདེབས་རོགས་ཞེས་ཞུས། 4 དུས་དེར་ཁོ་རྣམས་ཀྱིས་ཡེ་རེམ་ཡཱ་ད་དུང་བཙོན་དུ་བཅུག་མེད་པས་ན་ཁོང་མི་རྣམས་ཀྱི་ནང་དུ་འགྲོ་འོང་བྱེད་བཞིན་ཡོད། 5 ཡང་ཕཱར་ཨོལ་གྱི་དམག་དཔུང་ཨེ་ཅིབ་ཡུལ་ནས་ཚུར་ཐོན་ཅིང་། ཡེ་རུ་སཱ་ལེམ་མཐའ་ནས་བསྐོར་བའི་ཀལ་དི་པ་རྣམས་ཀྱིས་དེ་དག་འོང་བ་ཐོས་པ་ཙམ་གྱིས། དམག་སྒར་སྤོས་ནས་ཡེ་རུ་སཱ་ལེམ་དང་བྲལ་ཏོ། ། 6 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 7 ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་ངའི་མདུན་དུ་ཐུགས་བརྟག་ཞུ་བར་གཏོང་མཁན་ཡ་ཧུ་དཱའི་རྒྱལ་པོ་ལ་ཁྱོད་ཅག་གིས་འདི་སྐད་སྦྲོན་ཅིག ལྟོས་ཤིག ཁྱོད་ཚོར་རོགས་བྱེད་དུ་འོངས་པའི་ཕཱར་ཨོལ་གྱི་དམག་དཔུང་ནི་ཨེ་ཅིབ་རང་ཡུལ་དུ་ཕྱིར་འགྲོ་བར་འགྱུར་ཏེ། 8 ཀལ་དི་པ་རྣམས་ཡང་བསྐྱར་འོངས་ནས་གྲོང་ཁྱེར་འདི་ལ་དམག་བརྒྱབ་སྟེ་ལེན་པ་དང་མེས་བསྲེག་པར་འགྱུར། 9 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཀལ་དི་པ་རྣམས་ཅི་ནས་ཀྱང་ངེད་རྣམས་དང་འབྲལ་བར་འགྱུར་ཞེས་ཁྱོད་རྣམས་ཀྱིས་རང་མགོ་རང་གིས་མ་གཡོག་ཅིག ཅི་ལ་ཞེ་ན། དེ་རྣམས་འབྲལ་བར་མི་འགྱུར་རོ། ། 10 ཁྱོད་རྣམས་དང་འཐབ་པའི་ཀལ་དི་པའི་དམག་དཔུང་ཐམས་ཅད་ཁྱོད་ཅག་གིས་ཕམ་པར་བརྒྱབ་ཀྱང་། དེ་རྣམས་ལས་རྨས་པར་གྱུར་པའི་ལྷག་ལུས་རྣམས་རང་གི་གུར་ནས་ཡར་ལངས་ཏེ་གྲོང་ཁྱེར་འདི་མེས་བསྲེག་པར་འགྱུར་རོ་ཞེས་སྨྲོས་ཤིག་ཅེས་གསུངས་སོ། །
ཡེ་རེམ་ཡཱ་བཙོན་དུ་བཟུང་བ།
11 ཀལ་དི་པའི་དམག་དཔུང་ནི་ཕཱར་ཨོལ་གྱི་དམག་དཔུང་ལ་འཇིགས་ནས། དམག་སྒར་སྤོས་ཏེ་ཡེ་རུ་སཱ་ལེམ་དང་འབྲལ་དུས། 12 ཡེ་རེམ་ཡཱ་ཡིས་ཡུལ་མི་རྣམས་ལས་རང་གི་ས་སྐལ་ལེན་པའི་ཆེད་དུ་ཡེ་རུ་སཱ་ལེམ་དང་བྲལ་ནས་པེན་ཡཱ་མེན་ཡུལ་དུ་ཕྱིན་ཏེ། 13 ཁོང་པེན་ཡཱ་མེན་རྒྱ་སྒོ་ཡོད་སར་སླེབས་པ་ལ། དེའི་སྐུ་སྲུང་དམག་དཔོན་མིང་ལ་ཡི་རི་ཡཱ་ཟེར་བ་སྟེ། ཧ་ནན་ཡཱའི་ཚ་བོ་དང་ཤེ་ལེམ་ཡཱའི་བུ་ཡིན་པ་དེས་ཡེ་རེམ་ཡཱ་བཟུང་སྟེ་ན་རེ། ཁྱོད་ནི་ཀལ་དི་པ་ལ་མགོ་བསྒུར་དུ་འགྲོ་བ་ཡིན་ཟེར་ཞིང་། 14 ཡེ་རེམ་ཡཱ་ཡིས་ལན་དུ། ཁྱོད་ཀྱིས་རྫུན་སྨྲ་བ་ཡིན་ཏེ་ང་ནི་ཀལ་དི་པ་ལ་མགོ་བསྒུར་དུ་འགྲོ་བ་མིན་ཞེས་སྨྲས་ཀྱང་། ཡི་རི་ཡཱ་ཡིས་ཡེ་རེམ་ཡཱ་ལ་མ་མཉན་པར་ཁོང་བཟུང་ནས་འགོ་དཔོན་རྣམས་ཀྱི་རྩར་ཁྲིད་དོ། ། 15 དེ་ནས་འགོ་དཔོན་རྣམས་ཡེ་རེམ་ཡཱ་ལ་ཁྲོས་ནས་ཁོང་ལ་བརྡུངས་ཏེ། དྲུང་ཡིག་ཡོ་ནཱ་ཐན་གྱི་ཁང་པར་བཙོན་དུ་བཅུག་གོ །ཅི་ལ་ཞེ་ན། དེ་དག་གིས་ཁང་པ་དེ་བཙོན་ར་བྱས་ཡོད་པ་ཡིན། 16 ཡེ་རེམ་ཡཱ་ས་འོག་གི་བཙོན་ཁང་དུ་བཅུག་སྟེ་ཉིན་ཞག་མང་པོར་དེར་ལུས་སོ། ། 17 ཡང་རྒྱལ་པོ་ཚིད་ཀི་ཡཱས་མི་མངགས་ནས་ཁོང་ཕྱི་རུ་ཡོང་བར་བཅུག་ཅིང་། རང་གི་ཕོ་བྲང་ནང་དུ་ལྐོག་ནས་ཁོང་ལ་ན་རེ། དཀོན་མཆོག་ཡ་ཝཱེའི་ཞལ་ནས་བཀའ་བྱུང་ངམ་ཞེས་དྲིས་པ་ལ། ཡེ་རེམ་ཡཱས་ལན་དུ་ཡོད་དོ་ཞེས་དང་། ཡང་ཁྱོད་ནི་པཱ་པེལ་ལོན་གྱི་རྒྱལ་པོའི་ལག་ཏུ་གཏོད་པར་འགྱུར་ཞེས་སྨྲས་པ་དང་། 18 ཡེ་རེམ་ཡཱས་ཡང་རྒྱལ་པོ་ཚིད་ཀི་ཡཱ་ལ་འདི་ལྟར། ངས་དོན་གང་གི་ཕྱོགས་ནས་ཁྱེད་རང་ངམ་ཡང་ན་ཁྱེད་ཀྱི་འཁོར་གཡོག་དང་། མི་འདི་རྣམས་ལ་འགལ་བའི་སྡིག་པ་གང་ཞིག་བྱས་ནས། ཁྱེད་ཀྱིས་ང་རང་བཙོན་དུ་བཅུག་པ་ཡིན་ནམ། 19 པཱ་པེལ་ལོན་གྱི་རྒྱལ་པོ་ཁྱོད་རྣམས་དང་ཡུལ་ཁམས་འདིར་རྒོལ་དུ་མི་འོང་ཞེས་ཁྱེད་ཅག་ལ་ལུང་བསྟན་པའི་ལུང་སྟོན་པ་དེ་དག་ད་ལྟ་གང་དུ་ཡོད་དམ། 20 ཀྱེ་ཇོ་བོ་ངའི་རྒྱལ་པོ་ལགས། ད་ལྟ་ཁྱེད་ཀྱིས་གསན་རོགས་གནང་། ང་ལ་ཁྱེད་ཀྱི་དྲུང་དུ་ཞུ་བར་མཛོད་དང་། ང་རང་དྲུང་ཡིག་ཡོ་ནཱ་ཐན་གྱི་ཁང་པར་མ་བསྐྱལ་ཞིག དེ་མིན་བདག་དེར་འཆི་བར་འགྱུར་ཞེས་སྨྲས་སོ། ། 21 དེ་ནས་རྒྱལ་པོ་ཚིད་ཀི་ཡཱས་བཀའ་བབས་ནས། དེ་དག་གིས་ཡེ་རེམ་ཡཱ་ནི་སྐུ་སྲུང་དམག་གི་ཁྱམས་རར་བཅུག་པ་དང་། གྲོང་ཁྱེར་གྱི་ཁ་ཟས་ཐམས་ཅད་ཚར་བའི་བར་དུ་བག་ལེབ་ཚོང་པའི་སྲང་ལམ་ནས་ཉིན་རེ་བཞིན་བག་ལེབ་ཁོང་ལ་སྤྲད་ཅིང་། དེ་ལྟར་ཡེ་རེམ་ཡཱ་སྐུ་སྲུང་གི་ཁྱམས་རར་ལུས་སོ། །