ལེའུ་སོ་དྲུག་པ།
པཱ་རུག་གིས་ཕོ་བྲང་ནང་དུ་གླེགས་བམ་ཀློག་པ།
1 ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡེ་ཧོ་ཡཱ་ཀིམ་གྱི་སྲིད་ལོ་བཞི་པར། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 2 ཁྱོད་ཀྱིས་ཤོག་སྒྲིལ་ཞིག་བླངས་ནས། ཡེས་ར་ཨེལ་དང་ཡ་ཧུ་དཱ། དེ་མིན་མི་རིགས་ཐམས་ཅད་ཀྱི་སྐོར་ལ་སྨྲས་པའི་གཏམ་ཡོད་ཚད་དེ། ཡོ་ཤི་ཡཱས་སྲིད་བསྐྱངས་པའི་དུས་ནས་དེ་རིང་གི་བར་དུ་ངས་ཁྱོད་ལ་བསྒོས་པའི་བཀའ་ཐམས་ཅད་ཕྲིས་ཤིག 3 གཅིག་བྱས་ན་ཡ་ཧུ་དཱ་ཁྱིམ་རྒྱུད་ཀྱིས་ངས་དེ་དག་ལ་འབྱུང་དུ་འཇུག་འདོད་པའི་ཆག་སྒོ་རྣམས་ཐོས་ནས། མི་རེ་རེ་རང་གི་ལོག་ལམ་དང་འབྲལ་བར་འགྱུར་ཡང་སྲིད་དེ། ངས་ཀྱང་དེ་དག་གི་ཉེས་སྐྱོན་དང་སྡིག་པ་སེལ་བར་བྱའོ་ཞེས་གསུངས། 4 དེ་ནས་ཡེ་རེམ་ཡཱ་ཡིས་ནེར་ཡཱའི་བུ་པཱ་རུག་བོས་འོངས་པ་དང་། པཱ་རུག་གིས་ཡེ་རེམ་ཡཱའི་ཞལ་ནས་དཀོན་མཆོག་ཡ་ཝཱེས་གསུངས་པའི་བཀའ་མཆིད་ཐམས་ཅད་ཤོག་སྒྲིལ་སྟེང་དུ་བཀོད། 5 ཡེ་རེམ་ཡཱ་ཡིས་པཱ་རུག་ལ་བཀའ་བསྒོས་ཏེ་ན་རེ། ང་རང་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་འགྲོ་བར་བཀག་པས། 6 ཁྱོད་ནི་སྨྱུང་གནས་ཀྱི་དུས་སུ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་སོང་ནས་དཀོན་མཆོག་ཡ་ཝཱེའི་བཀའ་སྟེ། ཁྱོད་ཀྱིས་ངའི་ངག་ནས་ཤོག་སྒྲིལ་སྟེང་ཡི་གེར་བཀོད་པ་དེ་མི་རྣམས་དང་ཡ་ཧུ་དཱའི་གྲོང་ཁྱེར་རེ་རེ་ནས་འོངས་པའི་མི་ཐམས་ཅད་ཀྱི་རྣ་བར་སྒྲོགས་ཤིག་དང་། 7 ཡང་ན་དེ་དག་གིས་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཞུ་བ་ཕུལ་ཏེ་མི་རེ་རེ་ཕྱིར་འཁོར་ནས་རང་གི་ལོག་ལམ་དང་འབྲལ་ཡང་སྲིད། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་མི་འདི་རྣམས་ལ་གསུངས་པའི་ཐུགས་ཁྲོ་དང་ཁྲོ་གཏུམ་ནི་ཤིན་ཏུ་ཆེ་བའི་ཕྱིར་རོ་ཞེས་བསྒོས་སོ། ། 8 དེ་ནས་ནེར་ཡཱའི་བུ་པཱ་རུག་གིས་ལུང་སྟོན་པ་ཡེ་རེམ་ཡཱས་གང་དང་གང་གསུངས་པ་བཞིན་སྤྱད་དེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་གླེགས་བམ་སྟེང་གི་དཀོན་མཆོག་ཡ་ཝཱེའི་བཀའ་རྣམས་བསྒྲགས་སོ། ། 9 ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡེ་ཧོ་ཡཱ་ཀིམ་གྱི་སྲིད་ལོ་ལྔ་བའི་ཟླ་དགུ་པར། ཡེ་རུ་སཱ་ལེམ་གྱི་མི་རྣམས་དང་ཡ་ཧུ་དཱའི་གྲོང་ཁྱེར་ནས་ཡེ་རུ་སཱ་ལེམ་དུ་འོངས་པའི་མི་ཡོངས་ཀྱིས། དཀོན་མཆོག་ཡ་ཝཱེའི་དྲུང་དུ་སྨྱུང་གནས་བསྲུང་བར་བསྒྲགས་པ་དང་། 10 པཱ་རུག་གིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཁྱམས་ར་གོང་མ་སྟེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་ཉེ་བའི་སྒོ་གསར་པ་རུ། ཤཱ་ཕན་གྱི་བུ་གེ་མར་ཡཱ་དྲུང་ཡིག་གི་ཁང་པའི་ནང་དུ་གླེགས་བམ་ལས་ཡེ་རེམ་ཡཱའི་བཀའ་རྣམས་མི་ཐམས་ཅད་ལ་བསྒྲགས་སོ། ། 11 ཡང་ཤཱ་ཕན་གྱི་ཚ་བོ་སྟེ་གེ་མར་ཡཱའི་བུ་མི་ཀ་ཡཱས་གླེགས་བམ་སྟེང་གི་དཀོན་མཆོག་ཡ་ཝཱེའི་བཀའ་མཆིད་རྣམས་ཐོས་པ་དང་། 12 མར་རྒྱལ་པོའི་ཕོ་བྲང་དུ་སོང་ནས་དྲུང་ཡིག་གི་ཁང་པར་སླེབས་པ་ན། ལྟོས་ཤིག འགོ་དཔོན་ཐམས་ཅད་དེ་རུ་བསྡད་ཡོད་པ་མཐོང་བ་སྟེ། དྲུང་ཡིག་ཨེ་ལི་ཤཱ་མ་དང་། ཤེ་མ་ཡཱའི་བུ་དི་ལཱ་ཡ། ཨག་པོར་གྱི་བུ་ཨེལ་ན་ཐན། ཤཱ་ཕན་གྱི་བུ་གེ་མར་ཡཱ། ཧ་ནན་ཡཱའི་བུ་ཚིད་ཀི་ཡཱ། དེ་མིན་འགོ་དཔོན་གཞན་རྣམས་ཀྱང་ཡོད་པ་ཡིན། 13 དེ་ནས་མི་ཀ་ཡཱ་ཡིས་ཁོ་རྣམས་ལ་རང་གིས་ཐོས་པའི་བཀའ་ཐམས་ཅད་དེ་པཱ་རུག་གིས་མི་རྣམས་ལ་གླེགས་བམ་དེ་བསྒྲགས་དུས་སུ་ཐོས་པ་རྣམས་སྨྲས་པ་ན། 14 འགོ་དཔོན་རྣམས་ཀྱིས་ཀུ་ཤིའི་ཡང་ཚ་དང་ཤེ་ལེམ་ཡཱའི་ཚ་བོ་སྟེ་ནེ་ཐན་ཡཱའི་བུ་ཡེ་ཧུ་དི་ནི་པཱ་རུག་གི་གམ་དུ་མངགས་ནས་དེ་ལ། ཁྱོད་ཀྱིས་མི་རྣམས་ཀྱི་རྣ་བར་བསྒྲགས་པའི་གླེགས་བམ་དེ་ལག་ཏུ་ཐོགས་ནས་འདིར་ཤོག་ཅེས་སྨྲས་པས། ནེར་ཡཱའི་བུ་པཱ་རུག་གིས་གླེགས་བམ་ཁྱེར་ནས་དེ་རྣམས་ཀྱི་གམ་དུ་འོངས་པ་དང་། 15 དེ་རྣམས་ཀྱིས་ཁོང་ལ་ན་རེ། བཞུགས་དང་། ངེད་ཅག་གི་རྣ་བར་དེ་ཀློགས་ཤིག་ཅེས་སྨྲས་པ་ལ། པཱ་རུག་གིས་དེ་དག་གི་ཆེད་དུ་བཀླགས་སོ། ། 16 དེ་དག་གིས་བཀའ་མཆིད་རྣམས་ཐོས་པ་ཙམ་གྱིས་འཇིགས་ཏེ། གཅིག་གིས་གཅིག་ལ་བལྟས་ནས་པཱ་རུག་ལ་འདི་ལྟར། རང་ཅག་གིས་འདི་ཐམས་ཅད་རྒྱལ་པོར་ཞུ་དགོས་ཞེས་སྨྲས་ཤིང་། 17 པཱ་རུག་ལ་འདི་ལྟར། ཁྱོད་ཀྱིས་བཀའ་མཆིད་འདི་ཐམས་ཅད་ཁོང་གི་ཞལ་ནས་ཇི་ལྟར་ཡི་གེར་བཀོད་པ་དེ་ངེད་རྣམས་ལ་ཤོད་ཅིག་ཅེས་དྲིས་པ་ལ། 18 པཱ་རུག་གིས་ལན་དུ། ཁོང་གིས་ཞལ་ནས་འདི་ཐམས་ཅད་ང་ལ་གསུངས་པ་དང་། ངས་སྣག་ཚས་གླེགས་བམ་ནང་བྲིས་པ་ཡིན་ཞེས་སྨྲས་པ་ལ། 19 འགོ་དཔོན་རྣམས་ཀྱིས་པཱ་རུག་ལ་འདི་ལྟར། ཁྱོད་དང་ཡེ་རེམ་ཡཱ་གཉིས་སྦོས་ཤིག ཁྱོད་གཉིས་གང་དུ་སྦས་པ་མི་ལ་ཤེས་སུ་འཇུག་མི་རུང་ཞེས་བསྐུལ་ཏོ། །
ཡེ་ཧོ་ཡཱ་ཀིམ་གྱིས་གླེགས་བམ་མེ་རུ་བསྲེགས་པ།
20 འགོ་དཔོན་རྣམས་ཀྱིས་གླེགས་བམ་དེ་དྲུང་ཡིག་ཨེ་ལི་ཤཱ་མའི་ཁང་པར་བཞག་རྗེས། ཁྱམས་རའི་ནང་དུ་རྒྱལ་པོའི་དྲུང་ལ་ཕྱིན་ཏེ་བཀའ་མཆིད་ཐམས་ཅད་རྒྱལ་པོར་ཞུས་པ་ཙམ་གྱིས། 21 རྒྱལ་པོས་ཡེ་ཧུ་དི་ཞེས་བྱ་བ་གླེགས་བམ་ལེན་དུ་མངགས་ནས། དེས་དྲུང་ཡིག་ཨེ་ལི་ཤཱ་མའི་ཁང་པ་ནས་དེ་བླངས་ཏེ། རྒྱལ་པོ་དང་རྒྱལ་པོའི་གཡས་གཡོན་དུ་ལངས་བསྡད་ཡོད་པའི་འགོ་དཔོན་ཀུན་གྱི་རྣ་བར་བཀླགས་སོ། ། 22 དུས་དེར་ཟླ་དགུ་པ་ཡིན་པས། རྒྱལ་པོ་དགུན་སར་བཞུགས་ནས་དེའི་དྲུང་དུ་མེ་ཕོར་ནང་མེ་འབར་བཞིན་ཡོད་དེ། 23 ཡེ་ཧུ་དིས་ཚན་པ་གསུམ་བཞི་ཙམ་བསྒྲགས་པ་དང་། རྒྱལ་པོས་དྲུང་ཡིག་གི་སྤུ་གྲིས་གླེགས་བམ་གཤགས་ཏེ་མེ་ཕོར་ནང་ལ་གཡུགས་ནས་གླེགས་བམ་ཡོངས་སུ་མེའི་ནང་དུ་འཚིག་པའི་བར་དུ་བསྲེགས་སོ། ། 24 བཀའ་འདི་ཐམས་ཅད་ཐོས་མཁན་རྒྱལ་པོ་འཁོར་དང་བཅས་པ་སུ་ཡང་འཇིགས་པར་མ་གྱུར་ལ། རང་གི་གོས་ཀྱང་མ་གཤག་ * གོས་གཤག་པ་ནི་ཡིད་སྐྱོ་བའི་མཚོན་རྟགས་ཤིག་ཡིན།གོ ། 25 ཡང་ཨེལ་ན་ཐན་དང་དི་ལཱ་ཡ། གེ་མར་ཡཱ་བཅས་གསུམ་པོས་རྒྱལ་པོར་གླེགས་བམ་དེ་མི་བསྲེག་པའི་ཆེད་དུ་ཞུ་བ་ཞུས་ཀྱང་རྒྱལ་པོས་མ་མཉན་ཏོ། ། 26 རྒྱལ་པོས་རྒྱལ་སྲས་ཡེ་རཱ་མེ་ཨེལ་དང་ཨས་རི་ཨེལ་གྱི་བུ་སེ་ར་ཡཱ། ཨབ་དེ་ཨེལ་གྱི་བུ་ཤེ་ལེམ་ཡཱ་བཅས་གསུམ་ཀ་དྲུང་ཡིག་པཱ་རུག་དང་ལུང་སྟོན་པ་ཡེ་རེམ་ཡཱ་གཉིས་འཛིན་དུ་མངགས་ན་ཡང་། དཀོན་མཆོག་ཡ་ཝཱེས་དེ་གཉིས་སྦས་པར་མཛད་དོ། །
ཡེ་རེམ་ཡཱ་ཡིས་གླེགས་བམ་གཞན་ཞིག་བྲིས་པ།
27 ཡེ་རེམ་ཡཱའི་ཞལ་ལས་གསུངས་པ་ལྟར་པཱ་རུག་གིས་ཡི་གེར་བཀོད་པའི་བཀའ་མཆིད་ཀྱི་གླེགས་བམ་དེ་རྒྱལ་པོས་མེ་རུ་བསྲེགས་པའི་རྗེས་སུ། ཡེ་རེམ་ཡཱ་ལ་ཡང་དཀོན་མཆོག་ཡ་ཝཱེའི་བཀའ་བྱུང་བ་འདི་ལྟ་སྟེ། 28 ཁྱོད་ཀྱིས་སླར་ཡང་ཤོག་སྒྲིལ་ཞིག་བླངས་ཏེ། ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་གྱིས་བསྲེགས་པའི་གླེགས་བམ་སྔ་མའི་ནང་དུ་ཡོད་པའི་བཀའ་ཐམས་ཅད་དེའི་སྟེང་དུ་ཕྲིས་ཤིག 29 ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་ལ་འདི་ལྟར། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་གླེགས་བམ་དེ་བསྲེགས་ནས་ན་རེ། པཱ་པེལ་ལོན་གྱི་རྒྱལ་པོ་འོངས་ཏེ་ཡུལ་འདི་བཤིག་ནས། མི་ཕྱུགས་གཉིས་ཀ་གང་ཡང་ལུས་སུ་མི་འཇུག་ཅེས་ཁྱོད་ཀྱིས་དེའི་ནང་དུ་འབྲི་དོན་ཅི་ཡིན་ཟེར་བས། 30 ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་གྱི་སྐོར་ལ་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དེའི་བུ་རྒྱུད་རྣམས་ལས་དཱ་བིད་ཀྱི་རྒྱལ་ཁྲིར་འདུག་མཁན་སུ་ཡང་མ་ལུས་པར། དེའི་བེམ་པོ་ཕྱི་རུ་དོར་ནས་ཉིན་མོར་ཚ་བ་དང་མཚན་མོར་བད་ནག་གིས་མནར་བར་འགྱུར། 31 ཡང་ངས་དེ་དང་དེའི་བུ་རྒྱུད་དང་། དེའི་འཁོར་གཡོག་བཅས་ཀྱི་སྡིག་པར་ཉེས་ཆད་གཅོད་ཅིང་། ངས་དེ་ཚོར་སྨྲས་ཀྱང་དེ་དག་གིས་མ་མཉན་པས། ད་ནི་ཆག་སྒོ་ཐམས་ཅད་དེ་དག་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་དང་ཡ་ཧུ་དཱའི་མི་རྣམས་ཀྱི་སྟེང་དུ་འབབ་པར་བྱའོ་ཞེས་པའོ་ཞེས་སྨྲོས་ཤིག་ཅེས་གསུངས། 32 དེ་ནས་ཡེ་རེམ་ཡཱས་ཤོག་སྒྲིལ་གཞན་ཞིག་བླངས་ནས། ནེར་ཡཱའི་བུ་དྲུང་ཡིག་པཱ་རུག་ལ་སྤྲད་དེ། ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་གྱིས་མེ་རུ་བསྲེགས་པའི་བཀའ་ཐམས་ཅད་ཁོས་ཡེ་རེམ་ཡཱའི་ཞལ་ནས་དེའི་ནང་དུ་བཀོད་དོ། །དེར་མ་ཟད་དེ་དང་མཚུངས་པའི་བཀའ་མང་པོ་ཡང་བསྣན་པ་ཡིན་ནོ། །