ལེའུ་བདུན་པ།
༼ མག་གསར། ༽
1 ཀྱེ་ཀྱེ་གུས་པར་འོས་པའི་སྲས་མོ་ལགས། ། ཁྱེད་ཞབས་བསིལ་ལྷམ་ནང་དུ་ཅི་འདྲ་མཛེས། ། ཁྱེད་ཀྱི་དཔྱི་དང་བརླ་ཡི་འཁྱོག་མཚམས་ནི། ། ལག་ཤེས་པ་ཡིས་བཟོས་པའི་གཡང་ཊི་བཞིན། ། 2 ཁྱེད་ཀྱི་ལྟེ་བ་ཡོལ་གོར་ཟླུམ་པོ་བཞིན། ། དེའི་ནང་རྒུན་ཆང་མངར་མོས་གང་གྱུར་ཅིག ། ཁྱེད་ཀྱི་གྲོད་པ་གྲོ་འབྲུ་སྤུངས་པ་འདྲ། ། ཕྱོགས་བཞིར་མེ་ཏོག་ཀུ་མུད་བཞད་ནས་ཡོད། ། 3 ཁྱེད་ཀྱི་ནུ་མ་ཟུང་ནི་དགོ་བ་མོའི། ། དགོ་ཕྲུག་མཚེ་མ་དང་ནི་ཀུན་ནས་མཚུངས། ། 4 ཁྱེད་ཀྱི་མགུལ་ནི་བ་སོའི་ལྕོག་མཁར་བཞིན། ། ཡིད་འོང་སྤྱན་ཟུང་ཧེ་སི་པོན་དང་ནི། ། པཱ་ཐུ་ལ་པིན་སྒོ་འགྲམ་རྫིང་བུ་འདྲ། ། ཁྱེད་ཀྱི་དྲི་འཛིན་དབང་བོ་ནི། ། དཱ་མེ་སེག་ལ་འཁོར་བ་ཡི། ། ལེ་པཱ་ནོན་གྱི་ལྕོག་མཁར་བཞིན། ། 5 ཁྱེད་ཀྱི་དབུ་ནི་ཀར་མེལ་རི་དང་མཚུངས། ། སྐྲ་ལོ་རྒྱ་སྨུག་ཅན་གྱིས་རྒྱལ་པོ་བཀུག ། 6 ཀྱེ་ཀྱེ་ང་ཡི་སྙིང་སྡུག་མ། ། མི་ལ་དགའ་སྤྲོ་བསྐྱེད་པ་ཁྱེད། ། ཇི་འདྲའི་མཛེས་ཤིང་ཡིད་དུ་འོང་། ། 7 ཁྱེད་ཀྱི་སྐུ་གཟུགས་ཏ་ལའི་ཤིང་དང་མཚུངས། ། ནུ་མ་ཟུང་ནི་ཤིང་ཏོག་ཐོགས་པ་འདྲ། ། 8 ང་རང་ཏ་ལའི་ཤིང་དེར་འགོས་ནས་ནི། ། ཤིང་ཏོག་ཆུན་པོར་འཇུ་ཞེས་བདག་གིས་སྨྲས། ། ཁྱེད་ཀྱི་ནུ་མ་ཟུང་ནི་ཐུར་འཕྱང་བའི། ། རྒུན་འབྲུམ་ཆུན་པོ་རྣམས་དང་འདྲ་བར་ཤོག ། ཁ་རླངས་དྲི་བསུང་ཀུ་ཤུ་ལྟ་བུ་ཡིན། ། 9 ཁྱེད་ཀྱི་ཞལ་ནི་རྒུན་ཆང་མཆོག་གྱུར་བཞིན། །
༼ བག་མ། ༽
ང་ཡི་དགའ་གྲོགས་ཞལ་ནང་བཞུར་བ་དང་། ། མནལ་དུ་གཟིམས་པའི་ཞལ་ནང་བཞུར་གྱུར་ཅིག ། 10 ང་ནི་ང་ཡི་དགའ་གྲོགས་ལ་དབང་ཞིང་། ། ཁོང་ཡང་ང་ལ་དགའ་ཞིང་དུངས་པ་ཡིན། ། 11 ཀྱེ་ཀྱེ་ང་ཡི་དགའ་གྲོགས་ཚུར་ཕེབས་དང་། ། ཞིང་ཁར་ཕྱིན་ནས་གྲོང་སྡེ་རུ་བསྡད་ཆོག ། 12 ཞོགས་པ་འུ་གཉིས་རྒུན་ཚལ་དུ་ཕྱིན་ཏེ། ། རྒུན་འབྲུམ་ཤིང་ལ་མྱུ་གུ་འབུས་མིན་དང་། ། རྒུན་འབྲུམ་ཤིང་ལ་མེ་ཏོག་བཞད་མིན་དང་། ། སེ་འབྲུ་ཤིང་ལ་མེ་ཏོག་འབུས་མིན་བལྟ། ། དེ་རུ་ང་ཡིས་བརྩེ་སེམས་ཁྱེད་ལ་འབུལ། ། 13 དུའུ་དཱ་ནི་ཡི་དྲི་བསུང་འཐུལ་བ་དང་། ། ཀྱེ་ཀྱེ་ང་ཡི་དགའ་གྲོགས་ཁྱེད་ཀྱི་ཕྱིར། ། བསགས་པའི་ཤིང་ཏོག་གསར་རྙིང་སྣ་ཚོགས་པ། ། ང་ཚོའི་ཡུལ་གྱི་སྒོ་འགྲམ་བཞག་ཡོད་དོ། །