ལེའུ་དྲུག་པ།
༼ མཛའ་གྲོགས་རྣམས། ༽
བུད་མེད་རྣམས་ཀྱི་མཛེས་མའི་མཆོག ། ཁྱེད་ཀྱི་དགའ་གྲོགས་གང་དུ་སོང་། ། ངེད་ཀྱང་ཁྱེད་མཉམ་བཙལ་དུ་འགྲོ ། ཁྱེད་ཀྱི་དགའ་གྲོགས་གང་དུ་བཞུད། །
༼ བག་མ། ༽
ང་ཡི་དགའ་གྲོགས་སྐྱེད་ཚལ་དུ། ། ལུག་ཁྱུ་འཚོ་རུ་ཕྱིན་པ་དང་། ། མེ་ཏོག་ཀུ་མུད་འཐུ་བ་ལ། ། ཉིད་ཀྱི་དྲི་ཞིམ་ར་བར་བཞུད། ། བདག་ནི་དགའ་གྲོགས་ཁོང་ལ་དབང་། ། ཁོང་གི་སེམས་ཀྱང་བདག་ལ་དབང་། ། ཁོང་གིས་མེ་ཏོག་ཀུ་མུད་གསེང་། ། ལུག་གི་ཁྱུ་ནི་འཚོ་བར་བྱེད། །
ཤོ་ལོ་ཀ་ལྔ་པ།
༼ མག་གསར། ༽
ཀྱེ་ཀྱེ་ང་ཡི་སྙིང་སྡུག་ལགས། ། ཁྱེད་ནི་ཐིར་ཙ་ལྟར་མཛེས་ཤིང་། ། ཡེ་རུ་སཱ་ལེམ་བཞིན་དུ་མཚར། ། རྒྱལ་མཚན་བསྒྲེངས་པའི་དམག་དཔུང་ལྟར། ། རྔམ་བརྗིད་ལྡན་པ་ཡིན་ལགས་སོ། ། ཀྱེ་ཀྱེ་ཁྱེད་ཀྱི་སྤྱན་གྱིས་ང་མ་གཟིགས། ། གཟིགས་ན་ང་ཡི་སེམས་ཀྱང་དབང་དུ་སྡུད། ། ཁྱེད་ཀྱི་སྐྲ་ལོ་གིལ་ཨད་རི་བོའི་ངོགས། ། ཐུར་དུ་འབབ་པའི་ར་ཁྱུར་ཀུན་ནས་མཚུངས། ། ཆ་ནི་འགྲིག་ཅིང་ཁེར་སྐྱེས་མིན་པའི་ཁྱེད་ཀྱི་ཚེམས། ། ལུག་བལ་བྲེགས་པའི་མ་མོ་དཀར་བཀྲུས་ཐོན་པ་འདྲ། ། གདོང་ཁེབས་འོག་གི་ཁྱེད་ཀྱི་མཁུར་ཚོས་ནི། ། དམར་མདངས་བཀྲ་བའི་སེ་འབྲུ་ཕྱེད་ཀ་བཞིན། ། རྒྱལ་མོ་དྲུག་ཅུ་བཙུན་མོ་བརྒྱད་ཅུ་དང་། ། ལང་ཚོ་མ་ནི་བགྲང་གིས་མི་ལང་ཡང་། ། ང་ཡི་ཕུག་རོན་ང་ཡི་ཕུལ་བྱུང་མ། ། མོ་ནི་ཨ་མའི་བུ་མོ་ཁེར་སྐྱེས་དང་། ། མངལ་དུ་འཁུར་མཁན་མ་ཡི་གཅེས་ཕྲུག་ཡིན། ། བུ་མོ་རྣམས་ཀྱིས་མོ་རང་མཐོང་བ་ན། ། མོ་ནི་ཁྱད་དུ་འཕགས་པ་ཡིན་ཞེས་སྨྲ། ། རྒྱལ་མོ་བཙུན་མོ་རྣམས་ཀྱིས་ཁོ་མོར་བསྟོད། ། 10 ཞོགས་པའི་སྐྱ་རེངས་ཤར་འདྲ་དང་། ། ཞལ་རས་དཀར་གསལ་ཟླ་ལྟར་མཛེས། ། གདོང་ནི་ཉི་མ་བཞིན་དུ་གསལ། ། རྒྱལ་མཚན་བསྒྲེངས་པའི་དམག་དཔུང་ལྟར། ། རྔམ་བརྗིད་ལྡན་པ་སུ་ཡིན་ནམ། །
༼ བག་མ། ༽
11 ལུང་པའི་ལྗོན་ཤིང་སྣ་ཚོགས་དང་། ། རྒུན་འབྲུམ་ལོ་མ་འབུས་མིན་དང་། ། སེ་འབྲུ་མེ་ཏོག་བཞད་མིན་ལ། ། བལྟ་ཕྱིར་སྟར་ཀའི་ར་བར་ཕྱིན། ། 12 ཤེས་ཚོར་གང་ཡང་མ་བྱུང་བར། ། བདག་གི་སེམས་ཀྱིས་ང་རང་ནི། ། བཀུར་འོས་འབངས་ཀྱི་ཤིང་རྟར་བསྐྱོན། །
༼ མཛའ་གྲོགས་རྣམས། ༽
13 ལོག་ཤོག་ལོག་ཤོག་ཤུ་ལམ་མིད་ཀྱི་བུ་མོ་ཁྱེད། ། ལོག་ཤོག་ལོག་ཤོག་ང་ཚོས་ཁྱེད་ལ་བལྟ་བར་འདོད། །
༼ བག་མ། ༽
ཁྱེད་ཚོས་བདག་ལ་ལྟ་བ་དེ། ། མ་ཧ་ན་ཨིམ་གར་ལ་ནི། ། ལྟ་བ་ནང་བཞིན་ཡིན་པ་ཅི། །