ལེའུ་བཅུ་བདུན༌པ།
ནང་འཁྲུག་དང་བཅས་སྟོན་མོས་ཁེངས་པའི་ཁྱིམ་གཞིས༌ལས། །བག་ཕབ་ངང་ནས་གོར་སྐམ་ཁམ་གང་ཟ་བ༌ལེགས།། གཡོག་པོ་གྲུང་པོས་ཁྲེལ་མེད་བུ་ནི་དབང་འོག༌བསྡུ། །སྤུན་རྣམས་ཁྲོད་ནས་ནོར་སྐལ་ཡང་ནི་རྙེད་པར༌འགྱུར།། གསེར་དངུལ་བཙོ་ཕྱིར་མེ་ཐབ་ལུགས་ཀོང༌ཡོད། །ཡ་ཝཱེས་མི་ཡི་སེམས་ལ་བརྟག་པར༌མཛད།། ལས་ངན་བྱེད་པས་སྨྲ་བརྗོད་ངན་པར༌ཉན། །རྫུན་གཏམ་སྨྲ་བས་ཕྲ་མའི་ལྕེ་ལ༌བླག། དབུལ་པོར་འཕྱ་བས་དེ་ཡི་བྱེད་པོར༌སྨད། །གཞན་སྡུག་སྙིང་ཚིམ་ལ་ནི་ཉེས་ཆད༌འཕོག། བུ་རབས་ཚ་རྒྱུད་རྒན་པའི་ཅོད་པན༌ཡིན། །ཕ་ནི་བུ་ཕྲུག་རྣམས་ཀྱི་དཔལ་ལགས༌སོ།། གླེན་པས་གཏམ་སྙན་སྨྲ་བ་མི་འོས༌ཤིང༌། །བཀུར་སྟི་ཅན་ལ་རྫུན་གཏམ་ལྟ་ཅི༌སྨོས།། སྤྲོད་མཁན་མིག་ལ་ལྐོག་རྔན་སྲུང་འཁོར༌བཞིན། །གང་སར་ཕྱིན་ཡང་དོན་ཀུན་འགྲུབ་པར༌སྙམ།། གཞན་གྱི་ཉེས་སྐྱོན་བརྗེད་པས་མཛའ་བརྩེ༌སྙེག །ཡང་དང་བསྐྱར་དུ་གླེང་བས་མཛའ་གྲོགས༌འཕྲལ།། 10 རྣམ་དཔྱོད་ཅན་ལ་གཤེ་ཚིག་གཅིག་སྨྲ༌བ། །གླེན་པར་ལན་བརྒྱ་གཞུས་པས་ལྷག་ཡིན༌ནོ།། 11 མི་ངན་གྱིས་ནི་གྱེན་ཟློག་ཁོ་ན༌བསྙེག །གདུག་རྩུབ་ཆེ་བའི་བང་ཆེན་དེ་རྩར༌མངག། 12 གླེན་པས་གླེན་རྟགས་སྟོན་པར་འཕྲད་པ༌ལས། །དོམ་ཕྲུག་བོར་བའི་དོམ་དང་འཕྲད་ན༌ལེགས།། 13 བཟང་ལན་ངན་གྱིས་འཇལ་བའི་མི་ལ༌ནི། །རྐྱེན་ངན་དེ་ཡི་ཁྱིམ་དང་འབྲལ་མི༌འགྱུར།། 14 རྩོད་པའི་འགོ་ནི་རགས་ཤོར་ཆུ་དང༌འདྲ། །འཁྲུག་རྩོད་མ་བརྩམས་གོང་ལ་སྤང་བར༌བྱ།། 15 ངན་པ་དྲང་པོར་རྩི་བ༌དང༌། །དྲང་བདེན་སྡིག་ཅན་དུ་རྩི༌བ། །གཉིས་ཀར་ཡ་ཝཱེ་ཞེན་ལོག༌གོ། 16 གླེན་པའི་ནང་དུ་གོ་རྟོགས་མེད་ན༌ནི། །རིན་དངུལ་བཟུང་ནས་ཤེས་རབ་ཅི་ལ༌ཉོ།། 17 མཛའ་བོས་དུས་དང་རྣམ་པ་ཀུན་ཏུ༌བརྩེ། །སྤུན་ཟླ་དཀའ་སྡུག་འབྱུང་བའི་དུས་ཕྱིར༌སྐྱེས།། 18 ཁྱིམ་མཚེས་མཐོང་ངོར་ལག་པ་འཇུས་ནས༌ནི། །འགན་ལེན་བྱེད་པ་དེ་ནི་བླུན་རྨོངས༌ཡིན།། 19 རྩོད་པར་སེམས་པ་འཆོར་བ་ཉེས་པར༌དགའ། །རྒྱ་སྒོ་མཐོན་པོར་བརྩིགས་པས་རང་ཉིད༌བརླག། 20 སེམས་པ་གཡོ་སྒྱུ་ཅན་ལ་ཕན་མི༌ཐོགས། །ལྕེ་ཡིས་ཕྲ་མ་སྤེལ་བ་ཆག་སྒོར༌ལྷུང༌།། 21 གླེན་པའི་བུ་ཞིག་སྐྱེས་པ་ཕ་ཡི༌སྡུག །གླེན་པའི་ཕ་ལ་དགའ་སྤྲོ་ཡོད་མ༌ཡིན།། 22 དགའ་ཞིང་སྤྲོ་བའི་སེམས་ནི་སྨན་གྱི༌མཆོག །ཡིད་སེམས་སྐྱོ་བས་རུས་ཟུངས་ཟད་པར༌བྱེད།། 23 དྲང་གཞག་མགོ་རྟིང་སློག་པའི༌ཕྱིར། །ངན་པས་ལྐོག་ནས་ལྐོག་རྔན༌ལེན།། 24 བློ་ལྡན་མདུན་དུ་ཤེས་རབ༌གནས། །གླེན་པའི་མིག་ནི་ས་མཐར༌ཕྱོགས།། 25 གླེན་པས་ཕ་ནི་སེམས་ཁུར༌གཏུག །རང་གི་མ་ཡང་སྡུག་ལ༌སྦྱོར།། 26 དྲང་པོ་ལ་ནི་ཆད་པ་གཅོད་མི༌འོས། །འགོ་དཔོན་ཡ་རབས་ལ་ནི་བརྡེག་མི༌རུང༌།། 27 ཤེས་ཡོན་ཅན་གྱིས་གཏམ་ཉུང༌གླེང༌། །ཞི་དུལ་ངང་རིང་བློ་གྲོས༌ལྡན།། 28 བླུན་པོ་ཁ་རོག་སྡོད་པ་མཁས་པར༌རྩི། །ཅི་ཡང་མི་སྨྲ་བ་ནི་རིག་ལྡན༌སྙམ།།