ལེའུ་དྲུག༌པ།
ཉེན་བརྡ་ཆེན༌པོ།
གལ་སྲིད་བདག་གི་བུ་ཁྱོད་རང་ཉིད༌ཀྱི། །མཛའ་བོའི་འགན་ལེན་བྱས་ཤིང་ཕྱི་མིའི༌ཚབ། །ལག་པ་འཇུས་ནས་གཏའ་མར་བཞག་པ༌དང༌།། རང་ཁའི་གཏམ་གྱི་རྙིར་བཙུད༌ཅིང༌། །རང་གི་ཚིག་གིས་བཟུང་གྱུར༌ན།། ངའི་བུ་རང་གི་མཆེད་གྲོགས༌ཀྱི། །ལག་ཏུ་ཚུད་པར་གྱུར་པས༌ན། །འདི་ལྟར་གྱིས་ལ་རང་ཉིད༌སྐྱོབས། །མྱུར་དུ་སོང་ལ་ཁེངས་སྐྱུང༌གིས། །གྲོགས་དེར་ཞུ་བ་ཕུལ་ཞིག༌ཀྱེ།། རང་གི་མིག་ཟུང་གཉིད༌པ་འམ། །མིག་ལྕིབས་གཉིད་ལ་ཡུར་མ༌འཇུག། དགོ་བ་རྔོན་པའི་ལག་དང་འདབ་ཆགས༌ནི། །བྱ་པའི་ལག་ནས་སྐྱོབ་བཞིན་རང་ཉིད༌སྐྱོབས།། ལེ་ལོ་ཅན་ཁྱོད་གྲོག་མའི་རྩར་སོང༌ལ། །དེ་ཡི་སྤྱོད་པ་རྣམས་ལ་ཞིབ་བལྟ༌གྱིས། །ཁྱོད་རང་ཤེས་རབ་དང་ནི་ལྡན་པར༌བྱོས།། གྲོག་མར་ལྡིང་དཔོན་དང་ནི་འགོ་དཔོན༌དང༌། །དབང་དུ་སྒྱུར་མཁན་བཅས་ནི་མེད༌ན་ཡང་།། དབྱར་དུས་ཁ་ཟས་གྲ་སྒྲིག་བྱེད་པ༌དང༌། །སྟོན་ཀར་བཟའ་བཅའ་བསྡུ་གསོག་རྒྱག་པ༌ཡིན།། ཀྱེ་ཀྱེ་ལེ་ལོ་ཅན་ཁྱོད༌ནི། །ག་ཚོད་བར་དུ་གཉིད་ལ༌ཡུར། །ནམ་ཞིག་གཉིད་ལས་སད་པར༌འགྱུར།། 10 ད་དུང་ཡུད་ཙམ་གཉིད་ཅིག་དང༌། །སྐད་ཅིག་ཙམ་ལ་གཉིད་དུ༌ཡུར། །ལག་པ་འཁུམས་ལ་ཨེན་ཙམ༌སྡོད།། 11 དེ་ནས་ཁྱོད་ཀྱི་དབུལ་ཕོངས༌ནི། །ཆོམ་པོ་བཞིན་དུ་བསླེབ་ཡོང༌ཞིང༌། །དགོས་འདོད་མཚོན་ཐོགས་ཚུལ་དུ༌བསླེབ།། 12 ཁྲེལ་མེད་དང་ནི་མི་ངན༌གྱིས། །ཕྱོགས་བཞིར་ངག་འཁྱལ་སྤེལ་བ༌དང༌།། 13 དེ་ཡི་མིག་གིས་ལྐོག་བརྡ༌གཏོང༌། །རྐང་པས་བསམ་ཚུལ་བརྗོད་པ༌དང༌། །མཛུབ་མོས་བཀོད་འདོམས་བྱེད་པ༌ཡིན།། 14 སེམས་སུ་གཡོ་སྒྱུ་བཅངས་པ༌དང༌། །བྱ་བ་ངན་པ་ཇུས་འགོད༌བྱེད། །རྟག་ཏུ་རྩོད་པའི་ས་བོན༌འདེབས།། 15 དེའི་ཕྱིར་ཆག་སྒོ་དེ་འཕྲལ༌འབྱུང༌། །ཁོ་རང་གློ་བུར་མེད་པར༌འགྱུར། །སྐྱོབ་ཐབས་མེད་པར་དེ་བཞིན༌འབྱུང༌།། 16 ཡ་ཝཱེ་སྡང་བའི་དོན་དྲུག༌དང༌། །དེའི་ཁར་ཐུགས་ནས་ཞེན་ལོག༌པའི། །དོན་ནི་བསྡོམས་པས་བདུན་ཡོད༌དེ།། 17 ཁེངས་དྲེགས་ཅན་གྱི་མིག་ཟུང༌དང༌། །རྫུན་གཏམ་སྨྲ་བའི་ལྕེ་དང༌ནི། །ཉེས་མེད་བསད་པའི་ལག་པ༌དང༌།། 18 དོན་ངན་ཇུས་འགོད་བྱེད་པའི༌སེམས། །ངན་པར་བྲེལ་བའི་རྐང་པ༌དང༌།། 19 རྫུན་གཏམ་སྨྲ་བའི་རྫུན་དཔང༌དང༌། །སྤུན་གྱི་ཁྲོད་དུ་རྩོད་པ༌ཡི། །ས་བོན་འདེབས་མཁན་བཅས་ཡིན༌ནོ།།
གཡེམ་སྦྱོར་ལ་རིང་དུ་གྱེས་པར་གདམས༌པ།
20 ངའི་བུ་ཕ་ཡི་བཀའ་ལ༌ཉོན། །མ་ཡི་བསླབ་བྱ་འདོར་མི༌རུང༌།། 21 དེ་རྣམས་རྟག་ཏུ་སེམས་ལ༌ཆོངས། །མཇིང་ལ་འདོགས་པར་གྱིས་ཤིག༌དང༌།། 22 དེ་ཡིས་ཁྱོད་རང་འགྲོ་དུས་ལམ་སྟོན༌ཞིང༌། །གཉིད་ལ་ཡུར་དུས་སྲུང་སྐྱོབ་བྱེད་པ༌དང༌། །གཉིད་ལས་སད་དུས་ཁྱོད་ལ་གཏམ་གླེང༌བྱེད།། 23 དེ་ཡི་རྒྱུ་མཚན་གང་ལ་ཡིན་ཞེ༌ན། །བཀའ་ནི་སྒྲོན་མེ་བསླབ་བྱ་འོད་ཡིན༌ཞིང༌། །གཅུན་པའི་ཚིག་ནི་སྲོག་གི་ལམ་ཡིན༌ལ།། 24 དེ་ཡིས་ཁྱོད་རང་བུད་མེད་ངན་པ༌དང༌། །བྱི་མོ་ངག་འཇམ་ལྕེ་ལས་བསྲུང་བར༌འགྱུར།། 25 ཁྱོད་ཀྱི་སེམས་ནི་ཁོ་མོའི་སྒེག་ཉམས་ལ་མ༌ཆགས། །ཁོ་མོའི་མིག་ལྕིབས་ལ་ཡང་ཁྱོད་རང་འཛིན་མ༌འཇུག། 26 རྒྱུ་མཚན་སྨད་འཚོང་མ་ཡི་རིན་གོང་ནི། །བག་ལེབ་རྡོག་རྡོག་གཅིག་ཙམ་ཡིན་མོད་ཀྱང་། །གཞན་གྱི་ཆུང་མས་རིན་ཆེན་ཚེ་སྲོག་རྔོན།། 27 གལ་སྲིད་མི་ཡིས་པང་ལ་མེ་བཟུང༌ན། །གྱོན་གོས་མེ་ཡིས་མི་སྲེག་དཔེ་མི༌སྲིད།། 28 སུ་ཞིག་སོལ་བའི་མེའི་སྟེང་འགྲོ་བ༌ཡི། །རྐང་པ་མེ་ཡིས་མི་འཚིག་དཔེ་མི༌སྲིད།། 29 གཞན་གྱི་ཆུང་མར་འགྲོགས་མཁན་དེ་བཞིན༌ཡིན། །སུ་དེའི་ཉེ་བར་བཏུད་ན་ཉེས་ཆད༌འཕོག། 30 ལྟོགས་སྐོམ་མྱངས་ནས་ཁོག་པ་འགྲང་ཕྱིར༌དུ། །རྐུ་བར་བྱེད་པའི་རྐུན་མར་སྨད་པ༌མིན།། 31 འོན་ཀྱང་ཁོ་རང་བཟུང་གྱུར༌ན། །སྐྱིན་ཚབ་ལྡབ་བདུན་འཇལ་དགོས༌ཞིང༌། །ཁྱིམ་གྱི་རྒྱུ་ནོར་ཀུན་སྤྲོད༌དགོས།། 32 སྐྱེས་མར་ལོག་གཡེམ་བྱེད་པ༌དེ། །དངོས་གནས་བློ་གྲོས་མེད་པ༌ཡིན། །སུ་ཡིས་དེ་འདྲ་བྱེད་པ༌ཡིས། །རང་སྲོག་རང་གིས་བརླག་པ༌ཡིན།། 33 དེ་ལ་རྨས་སྐྱོན་དང་ནི་དམའ་འབེབས༌འཕོག །དེ་ཡི་ངོ་ཚ་ནམ་ཡང་ཡལ་མི༌འགྱུར།། 34 དེ་ཡི་རྒྱུ་མཚན་གང་ལ་ཡིན་ཞེ༌ན། །ཕྲག་དོག་གིས་ནི་སྐྱེས་པའི་ཁོང་ཁྲོ༌སློང༌། །དགྲ་ཤ་ལེན་དུས་སྙིང་རྗེ་བསྐྱེད་མི༌འགྱུར།། 35 སྐྱིན་ཚབ་གང་ཡང་དེ་ཡིས་ལེན་པ༌མིན། །ལེགས་སྐྱེས་ཅི་འདྲ་མང་པོ་ཕུལ་ན༌ཡང༌། །དེ་ཡིས་ཅིས་ཀྱང་བསྐྱུར་བར་མི་བྱ༌འོ།།