ལེའུ་ལྔ༌པ།
ལོག་གཡེམ་ལ་འཛེམ་པར་གདམས༌པ།
ངའི་བུ་བདག་གི་ཤེས་རབ༌ལ། །གཟབ་གཟབ་བྱས་ནས་མཉན་པ༌དང༌། །ང་ཡི་ཤེས་བྱར་རྣ་བ༌གཏོད།། དེ་ནས་ཁྱོད་ཀྱིས་ལེགས་ཉེས་འབྱེད་པ༌ཡི། །རྣམ་འགྱུར་འཛིན་ཞིང་རང་གི་མཆུ་སྒྲོས༌ཀྱིས། །ཅི་ལྕོགས་ཀྱིས་ནི་ཤེས་བྱ་བསྲུང་བར༌བྱ།། བྱི་མོའི་མཆུ་ལས་སྦྲང་རྩི༌ཐིགས། །ཁོ་མོའི་ཁ་ནི་སྣུམ་ལས༌འཇམ།། མཐར་མཇུག་མཁན་པ་ལས་ཀྱང༌ཁ། །རལ་གྲི་ཁ་གཉིས་ལས་ཀྱང༌རྣོ།། ཁོ་མོའི་རྐང་པ་འཆི་བའི་ཕྱོགས་སུ༌སྤོ། །ཁོ་མོའི་གོམ་སྟབས་གཤིན་པོའི་ཡུལ་དུ༌བསྒྱུར།། ཁོ་མོས་ཚེ་སྲོག་ལམ་ནི་སྣང་མེད༌བསྐྱུར། །ཁོ་མོའི་བགྲོད་ལམ་ཀྱག་ཀྱོག་ངེས་མེད༌ཡིན། །འོན་ཀྱང་དེ་ནི་རང་གིས་མི༌རྟོགས་སོ།། ཀྱེ་ཀྱེ་བདག་གི་བུ་རྣམས་བདག་ལ༌ཉོན། །བདག་གི་ཁ་ཡི་གཏམ་ལ་མ་གཡོལ༌ཞིག། ཁྱོད་ཀྱི་ལམ་ནི་ཁོ་མོར་རིང་དུ༌གྱེས། །ཁོ་མོའི་ཁྱིམ་གྱི་སྒོ་དང་བཅར་མི༌རུང༌།། ཁྱོད་ཀྱི་སྟོབས་ཤུགས་གཞན་པར་མི་སྟེར༌ལ། །ལོ་ཟླ་གཏུམ་དྲག་ཅན་ལ་མི་སྤྲོད༌ཅིང༌།། 10 ཁྱོད་ཀྱི་རྒྱུ་ནོར་གཞན་ལ་མི་དབང༌ཞིང་། །ངལ་བའི་འབྲས་བུ་གཞན་ལ་མི་འཐོབ༌ཕྱིར།། 11 རྗེས་སུ་ཁྱོད་ཀྱི་ཚེ་ཟད༌ནས། །ཤ་དང་ལུས་པོ་རྒས་དུས༌སུ། །འཁུན་སྒྲ་འབྱིན་ཞིང་འདི་ལྟར༌དུ།། 12 ང་ནི་ཅིའི་ཕྱིར་འཆུན་འདོམས་ལ་སྡང༌ཞིང༌། །ང་ཡི་སེམས་ཀྱིས་བཀའ་བཀྱོན་ཅི་ལ༌དོར།། 13 རང་གི་སློབ་དཔོན་སྐད་ལ་མ་མཉན༌ཞིང༌། །བཤེས་གཉེན་ཚོར་ཡང་རྣ་བ་བཏུད་པ༌མིན།། 14 མི་ཚོགས་ཁྲོམ་པའི་དཀྱིལ་དབུས༌སུ། །བདག་ནི་རྒུད་པའི་མཐའ་རུ༌སླེབས། །དེ་བཞིན་ཁྱོད་ཀྱིས་སྨྲ་བར༌འགྱུར།། 15 ཁྱོད་ཀྱིས་རང་གི་རྫིང་བུའི་ཆུ་འཐུང༌ཞིང༌། །རང་གི་ཆུ་མགོའི་བཞུར་ཆུ་འཐུང་བར༌གྱིས།། 16 ཁྱོད་ཀྱི་ཆུ་མགོ་རྣམས་ནི་ཕྱི་རོལ༌དང༌། །གཙང་པོ་རྣམས་ནི་སྲང་དུ་བཞུར་རུང༌ངམ།། 17 དེ་རྣམས་ཁྱོད་རང་ཁོ་ནར་དབང་བ༌ཡིན། །ཕྱི་མི་དང་ནི་མཉམ་དུ་སྤྱོད་མི༌རུང༌།། 18 ཁྱོད་ཀྱི་ཆུ་མགོར་བྱིན་རླབས་འཐོབ་པ༌དང༌། །རང་གི་གཞོན་དུས་ཆུང་མར་དགའ་བར༌གྱིས།། 19 ཁོ་མོ་གཅེས་སུ་འོས་པའི་ཤྭ་མོ༌དང༌། །དགའ་བར་རུང་བའི་གནའ་མོ་ཇི་བཞིན༌ཡིན། །ཁོ་མོའི་ནུ་མས་དུས་རྒྱུན་ཁྱོད་ཚིམ༌ཞིང༌། །བརྩེ་བས་རྟག་ཏུ་ཁྱོད་ཡིད་འཕྲོག་པར༌ཤོག། 20 ངའི་བུ་ཁྱོད་རང་བྱི་མོར་གདུང་བ༌དང༌། །ཕྱི་མོའི་པང་དུ་འབྱར་བ༌ཅི་ཡིན་ནམ།། 21 ཅི་ལ་ཞེ་ན་མི་ཡི་བགྲོད་ལམ༌ཀུན། །ཡ་ཝཱེའི་སྤྱན་སྔར་ལྷང་ངེར་གསལ་བ༌དང༌། །ལམ་བུ་ཀུན་ལ་ཁོང་གིས་ཞིབ་ཏུ༌གཟིགས།། 22 སྡིག་སྤྱོད་ཅན་ནི་རང་གི་ནག་ཉེས༌འཛིན། །དེ་ནི་རང་གི་སྡིག་པའི་ཐག་པས༌འཆིང༌།། 23 འཆུན་འདོམས་མེད་པས་འཆི་བར༌འགྱུར། །རང་གི་བླུན་རྨོངས་ཆེན་པོ༌ཡིས། །ལོག་པའི་ལམ་དུ་འཁྲིད་པར༌འགྱུར།།