༄༅། །ཕི་ལིབ་པི་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག
ཕི་ལིབ་པི་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཕི་ལིབ་པི་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་འདི་ནི་ཕོལ་ལོལ་ཐེངས་དང་པོར་རོ་མཱ་གྲོང་ཁྱེར་ནས་བཙོན་དུ་སྦྱར་ཡོད་པའི་སྐབས་སུ་ཡི་གེར་བཀོད་པ་ཡིན་ལ། འཕྲིན་ཡིག་འདི་དང་ཨེ་ཕེ་སི་པ། ཀོ་ལོ་སཱ་པ། ཕི་ལེ་མོན་བཅས་ལ་བཙོན་ནས་བྲིས་པའི་འཕྲིན་ཡིག་ཅེས་ཀྱང་ཟེར། སྔར་ཕི་ལིབ་པི་གྲོང་ཁྱེར་གྱི་ཆོས་ཚོགས་ཀྱིས་སྤུན་ཟླ་ཨེ་པབ་རོ་དི་བྱ་བ་བརྒྱུད་ནས་ཕོལ་ལོལ་ལ་ཞལ་འདེབས་ཀྱི་དངུལ་ཞིག་བསྐུར་བ་ལ། ཨེ་པབ་རོ་དི་ལ་རོ་མཱ་གྲོང་ཁྱེར་ནས་ན་ཚ་བྱུང་ཞིང་། ཕི་ལིབ་པི་གྲོང་ཁྱེར་གྱི་ཡེ་ཤུའི་ཆོས་ལུགས་པ་རྣམས་ཀྱིས་གནས་ཚུལ་དེ་ཐོས་ནས་ཁོ་ལ་སེམས་ཁུར་བྱས་པ་དང་། སྐབས་དེར་ཨེ་པབ་རོ་དི་ཕྱིར་ཕ་ཡུལ་ལ་ལོག་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་པས། ཕོལ་ལོལ་གྱིས་ཕི་ལིབ་པི་གྲོང་ཁྱེར་དུ་ཡོད་པའི་དད་ལྡན་རྣམས་ལ་འཕྲིན་ཡིག་འདི་བྲིས་ཤིང་། དེ་རྣམས་ཀྱི་བྱམས་པ་དང་རོགས་སྐྱོར་ལ་ཆེད་དུ་བཀའ་དྲིན་ཞུས་པ་ཡིན།
ཡི་གེར་འགོད་མཁན་དང་འགོད་དུས།
གཞུང་འདིའི་ལེའུ་དང་པོའི་ཚིག་རྐང་དང་པོ་ལས་འཕྲིན་ཡིག་འདི་ཡི་གེར་འགོད་མཁན་ཕོལ་ལོལ་ཡིན་པ་ཁ་གསལ་ཡོད་ལ། ཡི་གེའི་འབྲི་སྟངས་ལས་ཀྱང་འཕྲིན་ཡིག་འདི་ཕོལ་ལོལ་གྱིས་བྲིས་པ་གསལ་པོ་ཡིན་པ་རེད། ཡི་གེར་འགོད་མཁན་གྱིས་རང་གི་དོན་དག་མང་པོ་ཞིག་བྲིས་ཡོད་པ་དེ་དང་། ང་ཚོས་ཞལ་ཆད་གསར་པའི་གཞུང་རྣམས་ལས་རྟོགས་པའི་ཕོལ་ལོལ་གྱི་སྐོར་དེ་གཉིས་ཧ་ཅང་མཐུན་པ་ཡིན། དམ་པའི་གསུང་རབ་ཀྱི་མཁས་པ་རྣམས་ཀྱི་བཞེད་ཚུལ་ལྟར་ན། འཕྲིན་ཡིག་འདི་ཡི་གེར་འགོད་པའི་ལོ་ཚིགས་ནི་སྤྱི་ལོ་61ལོའི་ཡས་མས་ཡིན་པར་འདོད།
བརྗོད་སྙིང་དང་གསུང་འཕྲིན།
འཕྲིན་ཡིག་འདིའི་བརྗོད་བྱའི་སྙིང་པོ་ནི་སྤྲོ་སྣང་ངམ་ཡང་ན་གཙོ་བོ་ཡེ་ཤུ་ལ་བརྟེན་ནས་དགའ་ཞིང་སྤྲོ་བར་གྱིས་ཞེས་པ་དེ་ཡིན། སྤྲོ་སྣང་ཞེས་པའི་ཚིག་འདི་རྣམ་པ་འདྲ་མིན་གྱི་སྒོ་ནས་ཐེངས་16ལ་བྱུང་ཡོད་ལ། དེ་དང་མཉམ་དུ་ཉེན་ཁ་ལའང་འཛེམ་དགོས་པ་སྟེ། ཆོས་ཚོགས་ཀྱི་ཕྱི་ནང་གཉིས་ཀར་དགྲ་ཟླ་ཡོད་པ་གསལ་པོར་བསྟན་ཡོད། ཕོལ་ལོལ་གྱིས་ཕི་ལིབ་པི་པ་རྣམས་ཀྱི་སོ་སོའི་སྒེར་སེམས་དང་ཁེངས་དྲེགས་ཀྱི་རྣམ་འགྱུར་ལ་ཉེན་བརྡ་བཏང་བ་དང་། དེ་གཉིས་ཀྱིས་ཆོས་ཚོགས་ཀྱི་ནང་དུ་འགལ་ཟླ་སློང་བར་འགྱུར་ཞེས་ཐ་ཚིག་བསྒྲགས་ཡོད། ཕི་ལིབ་པི་པའི་འཕྲིན་ཡིག་ལས་སྐྱབས་མགོན་ཡེ་ཤུ་མི་ཡི་གཟུགས་པོར་གྱུར་པའི་སྐོར་གྱི་གསུང་འཕྲིན་ཟབ་ཅིང་རྒྱས་པར་གསུངས་ཡོད། ༼ལེའུ་གཉིས་པའི་ཚིག་རྐང་ལྔ་པ་ནས་བཅུ་གཅིག་གི་བར་དུ་གཟིགས་རོགས།༽
འཆར་ཟིན།
1. ཁམས་འདྲི་གནང་བ་དང་བཀའ་དྲིན་ཞུ་བ། གསོལ་བ་འདེབས་པ་བཅས་ཀྱི་སྐོར། ༼1:1-11༽
2. ཕོལ་ལོལ་རང་ཉིད་ཀྱི་གནས་ཚུལ་སྐོར། ༼1:12-26༽
3. སྐུལ་མ་གཏོང་བ། ༼1:27-2:18༽
ཀ འཕྲིན་བཟང་དང་མཐུན་པར་སྤྱོད་དགོས་པའི་སྐོར། ༼1:27-30༽
ཁ། སྐྱབས་མགོན་ཡེ་ཤུ་མིག་དཔེར་འཛིན་དགོས་པ། ༼2:1-18༽
4. ཕོལ་ལོལ་གྱི་ཆོས་གྲོགས་གཉིས། ༼2:19-30༽
5. དམིགས་ཡུལ་འགྲུབ་པར་བརྩོན་པ། ༼3:1-4:1༽
6. མཇུག་མཐའི་སྐུལ་སློང་དང་བཀའ་དྲིན་ཞུ་བ། མཇུག་སྡོམ་བཅས་ཀྱི་སྐོར། ༼4:2-23༽
ལེའུ་དང༌པོ།
འཕྲིན་ཡིག་བསྐུར༌ཡུལ།
1 དེ་ཡང་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པ་ཕོལ་ལོལ་ང་རང་དང་ཐི་མོ་ཐེ་གཉིས་ཀྱིས། ཕི་ལིབ་པི་རུ་ཡོད་པ་དང་མཱ་ཤི་ཀ་ཡེ་ཤུའི་ནང་གི་དད་ལྡན་དམ་པ་རྣམས༌དང༌། ཆོས་ཚོགས་ཀྱི་དོ་དམ་པ་རྣམས། ལས་འཛིན་པ་རྣམས་བཅས་ལ་འཕྲིན་ཡིག་འདི་སྤྲིངས༌པ་ཡིན། 2 བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།
ཐུགས་རྗེ་དང་གསོལ༌འདེབས།
3 བདག་གིས་ཁྱོད་རྣམས་དྲན་ཐེངས་རེ་རེར་ང་ཡི་དཀོན་མཆོག་ལ་བཀའ་དྲིན་ཞུས་ཤིང་། 4 ཁྱོད་ཅག་ཐམས་ཅད་ཀྱི་དོན་དུ་གསོལ་བ་འདེབས་ཐེངས་རེ་རེར། རྒྱུན་དུ་དགའ་སྤྲོའི་ངང་ནས་གསོལ་བ་བཏབ་པའོ།། 5 རྒྱུ་མཚན་ནི་ཉིན་དང་པོ་ནས་ད་ལྟའི་བར༌དུ། ཁྱོད་རྣམས་ཀྱིས་བློ་སེམས་གཅིག་མཐུན་གྱིས་འཕྲིན་བཟང་བདག་དང་མཉམ་འབྲེལ་སྤེལ་བའི་ཕྱིར༌རོ།། 6 ཁྱོད་རྣམས་ཀྱི་སེམས་སུ་ལས་བཟང་པོ་སྒྲུབ་འགོ་རྩོམ་མཁན་དེ་ཉིད་ཀྱིས། མཱ་ཤི་ཀ་ཡེ་ཤུའི་ཉིན་མོ་སླེབས་པའི་བར༌དུ། ལས་དེ་འགྲུབ་པར་མཛད་ངེས་པར་བདག་ལ་ཡིད་ཆེས་བརྟན་པོ་ཡོད་དོ།། 7 ངས་ཁྱོད་རྣམས་ལ་འདི་ལྟ་བུའི་བསམ་པ་བཅང་འོས་པ་ཡིན༌ཏེ། ཁྱོད་རྣམས་རྟག་ཏུ་ངའི་སེམས་སུ་གནས༌ཤིང༌། ང་རང་བཙོན་དུ་ཡོད་པའམ་འཕྲིན་བཟང་ལ་ཁུངས་བཅོལ༌ཞིང༌བདེན་དཔང་བྱེད་པའི་དུས་ནམ་ཞིག་ལའང་ཁྱོད་རྣམས་ཐམས་ཅད་ནི་བདག་དང་མཉམ་དུ་ཐུགས་རྗེ་ཐོབ་མཁན་ཡིན། 8 ངས་མཱ་ཤི་ཀ་ཡེ་ཤུའི་བྱམས་བརྩེ་བཞིན་དུ་སེམས་གཏིང་ནས་ཁྱོད་རྣམས་ཤིན་ཏུ་དྲན་པ༌དང༌། དོན་འདིར་དཀོན་མཆོག་གིས་ཀྱང་བདག་ལ་བདེན་དཔང་མཛད་པ་ལགས་སོ།། 9 ངས་གསོལ་བ་འདེབས་དོན་ནི་ཁྱོད་ཅག་གི་བྱམས་པ་དེ་ཤེས་ཡོན་དང་མཐོང་རྒྱ་སྣ་ཚོགས་ཀྱི་ཆ་ནས་སྔར་ལས་ལྷག་ཏུ་འཕེལ༌ཏེ། 10 ཁྱོད་རྣམས་ཀྱིས་བདེན་རྫུན་གྱི་དབྱེ་བ་འབྱེད་ཐུབ་པ༌དང༌། སྐྱབས་མགོན་མཱ་ཤི་ཀའི་ཉིན་མོ་སླེབས་པའི་བར༌དུ། གཞུང་དྲང་སྐྱོན་མེད་ཀྱི་མི་ཞིག་ཏུ་འགྱུར་བ༌དང༌། 11 ཡེ་ཤུ་མཱ་ཤི་ཀར་བརྟེན་ནས་དྲང་བདེན་གྱི་འབྲས་བུ་མང་དུ་བསྐྱེད༌དེ། དཀོན་མཆོག་ལ་གཟི་བརྗིད་དང་བསྟོད་བསྔགས་འབུལ་བའི་ཕྱིར༌རོ།།
འཕྲིན་བཟང་སྔར་ལས་འཕེལ་བ།
12 སྤུན་ཟླ༌རྣམས། ངས་ཁྱོད་རྣམས་ལ་ཤེས་སུ་འཇུག་འདོད་པ་ནི། བདག་ལ་བྱུང་བའི་དོན་དེས་འཕྲིན་བཟང་སྔར་ལས་འཕེལ་བར་བྱས༌ཤིང༌། 13 ཐ་ན་ང་རང་བཙོན་དུ་འཇུག་དོན་ཡང་ཕོ་བྲང་ནང་གི་དམག་མི་དང་མི་གཞན་ཐམས་ཅད་ཀྱི་ཁྲོད༌དུ། སྐྱབས་མགོན་མཱ་ཤི་ཀའི་ཆེད་དུ་ཡིན་པ་གསལ་པོར་མངོན་ནོ།། 14 གཞན༌ཡང༌། གཙོ་བོ་ནང་གི་སྤུན་ཟླ་མང་ཤོས་ཀྱང་ང་རང་བཙོན་དུ་སྦྱར་བའི་རྐྱེན་གྱིས་དད་མོས་ཆེ་ཞིང་ཐེ་ཚོམ་མེད་པ༌དང༌། སྔར་ལས་ཀྱང་སྙིང་སྟོབས་བསྐྱེད་ནས་དཀོན་མཆོག་གི་བཀའ་སྒྲོག་པ་ལ་འཇིགས་པ་ཅི་ཡང་མེད༌དོ།།
15 མི་ལ་ལས་སྐྱབས་མགོན་མཱ་ཤི་ཀའི་ཆོས་སྒྲོག་པ་ནི་ཕྲག་དོག་དང་འགྲན་སེམས་ཀྱི་རྐྱེན་ཡིན་པ༌དང༌། ལ་ལ་ནི་ཕན་འདོགས་པའི་སེམས་ཡིན༌ཏེ། 16-17 སྔ་མ་རྣམས་ཀྱིས་སེམས་དྲང་པོ་མ་བཅངས༌པར་སྒེར་སེམས་ངང་ནས་ཆོས་སྒྲོག༌ཅིང༌། བཙོན་དུ་བཅུག་པ་ང་རང་ལ་སྡུག་བསྔལ་ཇེ་ཆེར་གཏོང་འདོད༌པ་ཡིན། ཕྱི་མ་རྣམས་ཀྱིས་བྱམས་པའི་ངང་ནས་ཆོས་སྒྲོག་ཅིང་ང་རང་ནི་འཕྲིན་བཟང་ལ་བདེན་དཔང་བྱེད་པའི་ཆེད་དུ་བསྐོས་པ་ཤེས་སོ།། 18 དེར་སྐྱོན་ཅི་ཡོད་དམ། སྔ་ཕྱིའི་བདེན་རྫུན་གང་ཡིན་ཡང་མཐར་ཐུག་སྐྱབས་མགོན་མཱ་ཤི་ཀའི་ཆོས་བསྒྲགས་པ་ཡིན༌པས། ང་རང་ད་ལྟ་དགའ་ཞིང་ཕྱིས་སུའང་དགའ་བར་འགྱུར། 19 ཅིའི་ཕྱིར་ཞེ་ན། དོན་འདི་ནི་ཁྱོད་ཅག་གི་གསོལ་འདེབས་དང་ཡེ་ཤུ་མཱ་ཤི་ཀའི་ཐུགས་ཉིད་ཀྱིས་རོགས་རམ་མཛད་པ་བརྒྱུད༌ནས། མཇུག་མཐར་ང་རང་ཐར་བར་འགྱུར་བ་བདག་གིས་ཤེས་པས༌སོ།། 20 བདག་གིས་ཡིད་སྨོན་དང་རེ་འདུན་ཆེན་པོ་བཅངས་པ༌ལྟར། བདག་ལ་ངོ་གནོང་དགོས་པའི་དོན་གཅིག་ཀྱང་མེད༌དེ། བདག་ལ་ཤི་གསོན་གང་འདྲ་བྱུང་ནའང་སྤོབས་པ་ཆེན་པོ་བཅངས༌ཏེ། སྔར་བཞིན་ད་ལྟ་ཡང་ངའི་ལུས་སྟེང་ནས་སྐྱབས་མགོན་མཱ་ཤི་ཀའི་གཟི་བརྗིད་མངོན་པར༌འགྱུར་རོ།། 21 ཅིའི་ཕྱིར་ཞེ་ན། ང་རང་གསོན་པོར་འཚོ་བ་ནི་སྐྱབས་མགོན་མཱ་ཤི་ཀའི་ཆེད་དུ་ཡིན༌ལ། ང་རང་འཆི་བར་གྱུར་ནའང་བདག་ལ་ཕན་ཐོགས་ཡོད་པའི་ཕྱིར༌ཡིན། 22 འོན༌ཀྱང༌། ངའི་ལུས་པོ་གསོན་པོར་འཚོ༌ཞིང༌། བདག་གིས་འབད་པའི་ལས་ལ་འབྲས་བུ་བྱུང༌ནའང༌། ངས་གང་ཞིག་གདམ་རྒྱུ་མི་ཤེས། 23 ད་ནི་ང་རང་ཅི་བྱེད་འདི་བྱེད་མེད་པར་གྱུར༌ཅིང༌། འཇིག་རྟེན་དང་ཁ་བྲལ་ནས་སྐྱབས་མགོན་མཱ་ཤི་ཀ་དང་མཉམ་དུ་གནས་པ་ནི་དོན་ཀུན་གྱི་མཆོག་ཡིན་པས། ངས་དེ་ལྟར་བྱ་འདོད༌ནའང༌། 24 ཁྱོད་རྣམས་ཀྱི་ཆེད་དུ་བདག་གི་ལུས་པོ་གསོན་པོར་འཚོ་བ་ནི་དེ་བས་ཀྱང་གལ༌ཆེའོ།། 25 བདག་ལ་འདི་ལྟ་བུའི་ཡིད་ཆེས་ཟབ་མོ་ཡོད༌པས། ཁྱོད་ཅག་གི་དད་པ་ཇེ་བརྟན་དང་དགའ་སྤྲོའང་ཇེ་ཆེར་འགྱུར་བའི༌ཕྱིར། བདག་ནི་སྔར་བཞིན་འཇིག་རྟེན་དུ་གསོན་པོར་འཚོ་ཞིང་ཁྱོད་ཅག་དང་མཉམ་དུ་སྡོད་པར་འགྱུར་བའང་ཤེས། 26 ང་རང་སླར་ཡང་ཁྱོད་ཅག་གི་གམ་དུ་སླེབ་པར་འགྱུར་བའི་རྐྱེན༌གྱིས། ཁྱོད་ཅག་གིས་མཱ་ཤི་ཀ་ཡེ་ཤུའི་ནང་དུ་བསྔགས་པའི་དགའ་སྤྲོ་ནི་སྔར་ལས་ཀྱང་ཇེ་ཆེར་འགྱུར༌རོ།།
27 ཁྱོད་ཅག་གི་སྤྱོད་ལམ་ནི་སྐྱབས་མགོན་མཱ་ཤི་ཀའི་འཕྲིན་བཟང་དང་མཐུན་པར༌གྱིས། དེ་ནི་ང་རང་ཁྱོད་ཅག་གི་གམ་དུ་ཡོང༌བའམ། ཡང་ན་ཁྱོད་ཅག་གི་གམ་དུ་མེད་པ་གང་ཡིན་ཡང་ཁྱོད་ཅག་གི་གནས་ཚུལ་ཐོས༌ཤིང༌། ཁྱོད་ཅག་ལ་དམིགས་ཡུལ་གཅིག་མཚུངས་ཡོད་པ་དང་བརྟན་པོར་གནས་པར་བྱས༌ཏེ། བདག་ཅག་གིས་འཕྲིན་བཟང་གི་དད་པའི་ཆེད༌དུ། བློ་སེམས་རྩེ་གཅིག་གིས་ཧུར་བརྩོན་བྱེད་བཞིན་པའང་བདག་གིས་ཤེས་པར་འགྱུར་བའི་ཕྱིར༌ཡིན། 28 དོན་གང་ལ་ཕྲད་ནའང་དགྲ་བོའི་འཇིགས་སྐུལ་ལ་མི་སྐྲག་པར༌གྱིས། དེ་ནི་དགྲ་བོ་རྣམས་འཇིག་ཅིང་ཁྱོད་རྣམས་ལ་ཐར་པ་ཐོབ་པའི་རྟགས་ཡིན༌ལ། དེ་ནི་དཀོན་མཆོག་ནས་བྱུང་བ་ལགས་སོ།། 29 ཅིའི་ཕྱིར་ཞེ་ན། ཁྱོད་རྣམས་ཀྱིས་སྐྱབས་མགོན་མཱ་ཤི་ཀར་དད་པ་བྱེད་པ་ལས༌གཞན། ཁོང་གི་ཆེད་དུ་ཁྱོད་རྣམས་ལ་སྡུག་བསྔལ་མྱོང་བའི་ཐུགས་རྗེ་ཡང་གནང་བ༌དང༌། 30 ཁྱོད་ཅག་ལ་འབྱུང་བའི་འཁྲུག་རྩོད་ནི་ཁྱོད་ཅག་གིས་བདག་ལ་བྱུང་བའི་དོན་རྣམས་སྔོན་ཆད་མཐོང་ཞིང་ད་ལྟ་ཐོས་པ་དང་གཅིག་མཚུངས་ཡིན༌ནོ།།