ལེའུ་སོ་ལྔ་པ།
ཡེ་རེམ་ཡཱ་དང་རེ་ཁབ་པ།
1 ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡེ་ཧོ་ཡཱ་ཀིམ་བྱ་བ་ཡ་ཧུ་དཱའི་རྒྱལ་པོ་བྱེད་པའི་དུས་སུ་དཀོན་མཆོག་ཡ་ཝཱེའི་བཀའ་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 2 ཁྱོད་རེ་ཁབ་པའི་ཁྱིམ་རྒྱུད་ཀྱི་གམ་དུ་སོང་ནས་དེ་རྣམས་ལ་གླེང་མོལ་བྱས་ཏེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ནང་མིག་རྣམས་ལས་གཅིག་གི་ནང་དུ་ཁྲིད་ནས། དེ་དག་ལ་རྒུན་ཆང་འདྲེན་པར་གྱིས་ཞེས་གསུངས་པ་ལ། 3 ངས་ཧ་བ་ཟིན་ཡཱའི་ཚ་བོ་སྟེ་ཡེ་རེམ་ཡཱའི་བུ་ཡ་ཨ་ཟན་ཡཱ་དང་དེའི་སྤུན་མཆེད་རྣམས། དེའི་བུ་ཐམས་ཅད། རེ་ཁབ་པའི་ཁྱིམ་རྒྱུད་ཐམས་ཅད་ཁྲིད་ནས། 4 དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཨིག་དལ་ཡཱའི་བུ་སྟེ་དཀོན་མཆོག་གི་སྐྱེས་བུ་ཧ་ནན་གྱི་བུ་རྣམས་ཀྱི་ཁང་པར་དྲངས་ཏེ། ཁང་པ་དེ་ནི་འགོ་དཔོན་རྣམས་ཀྱི་ཁང་པ་དང་ཉེ་ཞིང་། ཤལ་ལུམ་གྱི་བུ་སྟེ་མཆོད་ཁང་གི་སྒོ་སྲུང་མཁན་མ་ཨ་སེ་ཡཱ་བྱ་བའི་ཁང་པའི་སྟེང་དུ་ཡོད། 5 དེ་ནས་ངས་རྒུན་ཆང་གིས་བཀང་བའི་བུམ་པ་དང་ཕོར་པ་རྣམས་རེ་ཁབ་པ་རྣམས་ཀྱི་མདུན་དུ་བཤམས་ནས་དེ་དག་ལ། རྒུན་ཆང་བཞེས་རོགས་ཞེས་སྨྲས་ན་ཡང་། 6 དེ་རྣམས་ཀྱིས་ངེད་ཅག་གི་མེས་པོ་རེ་ཁབ་ཀྱི་བུ་ཡོ་ན་དབ་ཀྱིས་ངེད་རྣམས་ལ་བཀའ་བཀོད་ཅིང་། ཁྱོད་ཅག་དང་ཁྱོད་ཅག་གི་བུ་རབས་ཚ་རྒྱུད་རྣམས་ཀྱིས་དུས་ནམ་ཡིན་ཡང་རྒུན་ཆང་མི་འཐུང་བ་དང་། 7 ཁང་པ་མ་བརྩིག ས་བོན་ཡང་མ་འདེབས། རྒུན་འབྲུམ་ར་བ་ཡང་མ་འཛུགས་ལ་དེ་རང་ལ་ཡོད་ཀྱང་མི་རུང་བར། ཚེ་གང་པོར་གུར་དུ་བསྡད་ནས་ཁྱོད་ཅག་བྱེས་སུ་སྡོད་པའི་ས་སྟེང་དུ་ཚེ་ཐག་རིང་བར་གྱིས་ཤིག་ཅེས་གསུངས་ལ། 8 ངེད་ཅག་གི་མེས་པོ་རེ་ཁབ་ཀྱི་བུ་ཡོ་ན་དབ་ཀྱིས་བསྒོས་པའི་བཀའ་རྣམས་ང་ཚོས་ཐམས་ཅད་བསྲུངས་ཏེ། ངེད་ཅག་དང་ངེད་ཅག་གི་ཆུང་མ་དང་བུ་དང་བུ་མོ་རྣམས་ཀྱིས་མི་ཚེ་གང་པོར་རྒུན་ཆང་མི་འཐུང་བ་དང་། 9 འདུག་སའི་ཁྱིམ་གཞིས་ཀྱང་མི་འཛུགས་ལ། ངེད་ཅག་ལ་རྒུན་འབྲུམ་ར་བ་དང་ཞིང་ས། ས་བོན་བཅས་ཀྱང་མེད་དོ། ། 10 ངེད་རྣམས་གུར་དུ་སྡོད་ཅིང་། ངེད་ཅག་གི་མེས་པོ་ཡོ་ན་དབ་ཀྱིས་བཀའ་བཀོད་ཀུན་དང་བསྟུན་ནས་དེ་བཞིན་སྤྱད་པ་ཡིན། 11 པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་ཡར་འོངས་ཏེ་ཡུལ་འདིར་དམག་དྲངས་པའི་དུས་སུ། ངེད་རྣམས་ཀྱིས་འདི་ལྟར། ཤོག་དང་། ཀལ་དི་པ་རྣམས་དང་ཨ་རམ་པའི་དམག་ཚོགས་གཉིས་ལས་ཐར་བའི་ཕྱིར་ཡེ་རུ་སཱ་ལེམ་དུ་འགྲོའོ་ཞེས་སྨྲས་པ་དང་། དེ་ལྟར་ངེད་རྣམས་ཡེ་རུ་སཱ་ལེམ་དུ་བསྡད་པ་ཡིན་ཞེས་ཞུས་སོ། ། 12 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 13 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ཁྱོད་སོང་ནས་ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་ལ་འདི་ལྟར། ངའི་བཀའ་ལ་མི་མཉན་ཞིང་བཀའ་སློབ་དང་ལེན་མི་བྱེད་དམ་ཞེས་དྲིས་ཤིག 14 རེ་ཁབ་ཀྱི་བུ་ཡོ་ན་དབ་ཀྱིས་ཁོའི་བུ་རྒྱུད་རྣམས་ལ་རྒུན་ཆང་འཐུང་མི་རུང་བའི་བཀའ་བསྒོས་པ་དེ་རྣམས་ཀྱིས་བསྲུངས་ཤིང་། དེ་རིང་གི་བར་དུ་རྒུན་ཆང་མ་འཐུང་བར་མེས་པོའི་བཀའ་ལ་མཉན་ཏོ། །འོན་ཀྱང་ངས་ཁྱོད་ཅག་ལ་བཀའ་སློབ་ཡང་ཡང་གནང་ནའང་ཁྱོད་རྣམས་ཀྱིས་ང་ལ་མ་མཉན། 15 ངས་ཡང་ཡང་རང་གི་ཞབས་ཕྱི་ལུང་སྟོན་པ་རྣམས་ཁྱོད་ཅག་གི་གམ་དུ་མངགས་ཏེ། ཁྱོད་རྣམས་རེ་རེས་འགྱོད་བཤགས་དང་བཅས་རང་གི་ལོག་ལམ་སྤངས་ནས་བྱ་བ་སྤྱོད་པ་རྣམས་བཅོས་ཤིག ལྷ་གཞན་རྣམས་ལ་བསྙེན་བཀུར་བྱས་ནས་དེའི་རྗེས་སུ་མ་འབྲང་ཞིག དེ་ནས་ངས་ཁྱོད་ཅག་དང་ཁྱོད་ཅག་གི་མེས་པོར་གནང་བའི་ཡུལ་དུ་གནས་པར་འགྱུར་ཞེས་བསྒོས་ཀྱང་། ཁྱོད་ཅག་གིས་ང་ལ་རྣ་བ་གཏད་ནས་མ་མཉན་ཏོ། ། 16 རེ་ཁབ་ཀྱི་བུ་ཡོ་ན་དབ་ཀྱི་བུ་རྒྱུད་རྣམས་ཀྱིས་མེས་པོས་ཁོ་རྣམས་ལ་བསྒོས་པའི་བཀའ་རྣམས་བསྲུངས་ནའང་། མི་འདི་རྣམས་ཀྱིས་ང་ལ་མ་མཉན་ཏོ་ཞེས་སྨྲོས་ཤིག་ཅེས་གསུངས། 17 དེ་བས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ངས་དེ་དག་ལ་བཀའ་གནང་ཡང་དེ་དག་གིས་མ་མཉན་ལ། ངས་དེ་དག་བོས་ཀྱང་ཁོ་ཚོས་ཨ་ལན་མ་བྱིན་པས། ལྟོས་ཤིག ཡ་ཧུ་དཱ་པ་དང་ཡེ་རུ་སཱ་ལེམ་གྱི་ཡུལ་མི་ཐམས་ཅད་ཀྱི་སྟེང་དུ་ངས་དེ་དག་ལ་སྔོན་ཚུད་ནས་སྨྲས་པའི་ཆག་སྒོ་ཐམས་ཅད་འབེབ་པར་བྱའོ་ཞེས་གསུངས་སོ། ། 18 ཡེ་རེམ་ཡཱ་ཡིས་རེ་ཁབ་པ་རྣམས་ལ་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ཁྱོད་ཅག་གིས་རང་གི་མེས་པོ་ཡོ་ན་དབ་ཀྱི་བསྒོ་བ་ལ་མཉན་ཏེ། དེའི་བཀའ་ཐམས་ཅད་བསྲུངས་ནས། དེས་ཅི་བསྒོས་པ་བཞིན་བྱས་པས་ན། 19 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། རེ་ཁབ་ཀྱི་བུ་ཡོ་ན་དབ་ལ་ངའི་མདུན་དུ་འགྲེང་བའི་མི་ནི་དུས་ནམ་ཡིན་ཡང་རྒྱུན་མི་ཆད་ཅེས་གསུངས་ཞེས་གསུངས་སོ། །