ལེའུ་ཉེར་བརྒྱད་པ།
ཨེ་ཕཱར་ཡིམ་ལ་དྲན་སྐུལ་བྱེད་པ།
1 ང་རྒྱལ་གྱི་ཅོད་པན་སྤྲས་པའི་ཨེ་ཕཱར་ཡིམ་གྱི་ར་བཟི་རྣམས་ལ་ཆག་སྒོ་འབྱུང་། དེའི་ལུང་པ་ཕྱུག་པོའི་རི་མགོ་ཡི་གཟི་བརྗིད་དག་ལའང་ཆག་སྒོ་འབྱུང་། དེ་ནི་མེ་ཏོག་རྙིད་པ་དང་འདྲ་ཞིང་ཆང་གིས་བཟི་བའི་མི་ཡིས་ཁེངས། 2 ལྟོས་ཤིག དཀོན་མཆོག་ཡ་ཝཱེ་ལ་ནུས་མཐུ་དང་སྟོབས་ཤུགས་ལྡན་པའི་མི་ཞིག་ཡོད་པ་དང་། དེ་ནི་སེར་བ་དང་ཚར་གཅོད་པའི་དྲག་རླུང་བཞིན་དང་། ཡང་གྱེན་དུ་འཕྱུར་བའི་ཆུ་ཆེན་བཞིན་ཡིན་ཞིང་ཁོང་གི་ཕྱག་གིས་དེ་ས་རུ་བསྒྱེལ་བར་འགྱུར། 3 ཨེ་ཕཱར་ཡིམ་གྱི་ར་བཟི་རྣམས་ཀྱིས་གྱོན་པའི་ང་རྒྱལ་གྱི་ཅོད་པན་དེ་རྡོག་བརྫིས་གཏོང་བར་འགྱུར་ཞིང་། 4 དེའི་ལུང་པ་ཕྱུག་པོའི་རི་མགོ་ཡི་མེ་ཏོག་རྙིད་པ་བཞིན་གྱི་གཟི་བརྗིད་དག་ཀྱང་དབྱར་སྟོད་སྨིན་པའི་སེ་ཡབ་ཤིང་འབྲས་ཇི་བཞིན། མི་ཡིས་མཐོང་བ་ཙམ་གྱིས་དེར་མཉམ་འཇོག་ཅིང་ལག་ཏུ་ཡོང་བ་ཙམ་གྱིས་ཁྱུར་མིད་གཏོང་ངོ་། ། 5 ཉིན་མོ་དེར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལགས་ཁོང་གི་མི་ལྷག་ལུས་རྣམས་ཀྱི་མཛེས་སྡུག་གི་ཅོད་པན་དང་། གཟི་བརྗིད་ཀྱི་དབུ་རྒྱན། 6 ཁྲིམས་སྐྱོང་པས་ཁྲིམས་དྲང་པོར་སྐྱོང་བའི་ཐུགས་ཉིད་དང་། མཁར་སྒོ་ནས་དགྲ་བོ་ཕྱིར་ཟློག་མཁན་གྱི་སྟོབས་ཤུགས་སུ་འགྱུར་རོ། ། 7 ཡུལ་དེའི་མི་རྣམས་ཀྱང་ཆང་གིས་གཡས་གཡོན་དུ་འཁྱོར་ཞིང་། ཆང་གར་པོས་ཕར་འཁྱོག་ཚུར་འཁྱོག་བྱེད་པ་དང་། མཆོད་དཔོན་དང་ལུང་སྟོན་པ་རྣམས་ཀྱང་ཆང་གར་པོས་གཡས་གཡོན་དུ་འཁྱོར་ནས་རིག་པ་མི་གསལ་བར་གྱུར། དེ་དག་གིས་ཞལ་གཟིགས་མཐོང་དུས་འཁྱོར་ཞིང་། དེ་དག་གིས་ཉེས་ཆད་གཅོད་དུས་ཀྱང་ཡར་མར་ལོག་གོ ། 8 གསོལ་ལྕོག་སྟེང་དུ་ཉག་ཉིག་གི་སྐྱུག་རོས་གང་སྟེ་གཙང་ས་གཅིག་ཀྱང་མ་ལུས་སོ། ། 9 དེ་རྣམས་ན་རེ། ཁོང་གིས་སུ་ལ་ཤེས་བྱ་བསླབ་ཅིང་གསུང་འཕྲིན་གྱི་བསྟན་དོན་རྟོགས་སུ་འཇུག་གམ། ནུ་ཞོ་བཀར་བ་དང་མ་ཡི་པང་ལས་བྲལ་བ་དེ་དག་ཡིན་ནམ། 10 དེས་བརྗོད་པ་ནི་བསྐྱར་བཤད་དང་། དོན་སྙིང་མེད་པའི་ཚིག་འབྲུ་སྟེ། འདི་ནས་ཉུང་ཙམ་དང་གན་ནས་ཉུང་ཙམ་ཡིན་ཞེས་པའོ། ། 11 དཀོན་མཆོག་ཡ་ཝཱེས་ཕྱི་ཕྱོགས་པའི་ངག་དང་ཕྱི་ཕྱོགས་པའི་སྐད་བརྒྱུད་ནས་མི་རྣམས་ལ་གསུངས་པ་སྟེ། 12 ཁོང་གིས་དེ་དག་ལ་འདི་སྐད་དུ། འདི་ནི་ངལ་གསོ་བའི་གནས་ཡིན། ཁྱོད་རྣམས་ཀྱིས་ཐང་ཆད་པའི་མི་ལ་ངལ་གསོ་ཐོབ་ཏུ་བཅུག་ན། ངལ་གསོའི་གནས་འདི་འཐོབ་པར་འགྱུར་ཞེས་གསུངས་ཀྱང་དེ་དག་གིས་མ་མཉན་ནོ། ། 13 དེ་བས་དཀོན་མཆོག་ཡ་ཝཱེས་དེ་དག་ལ་གསུངས་པའི་བཀའ་ནི་བསྐྱར་བཤད་དང་དོན་སྙིང་མེད་པའི་ཚིག་འབྲུར་གྱུར་ཏེ་འདི་ནས་ཉུང་ཙམ་དང་གན་ནས་ཉུང་ཙམ་ཡིན་ལ། ཐ་ན་དེ་དག་མདུན་དུ་སྐྱོད་ཀྱང་གན་རྐྱལ་དུ་འགྱེལ་ཞིང་། གསོད་གཅོད་ཐེབས་ནས་རྙི་རུ་ཚུད་པ་ཡིན།
ཛ་ཡན་གྱི་རྨང་རྡོ།
14 དེ་བས་སྐུར་འདེབས་བྱེད་རྒྱུར་དགའ་བའི་མི་སྟེ། ཡེ་རུ་སཱ་ལེམ་གྱི་མི་སྡེར་དབང་སྒྱུར་མཁན་རྣམ་པ། ཁྱོད་ཅག་གིས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག 15 ཁྱོད་ཅག་ན་རེ། ང་ཚོས་འཆི་བ་ལ་ཁ་ཆད་བཞག་ནས་གཤིན་ཡུལ་དང་མནའ་འབྲེལ་བྱས་ཡོད་པས། ཉེས་ཆད་ཀྱི་ལྕག་ཚན་གྱིས་གཞུ་དུས་ང་ཚོའི་སྟེང་ལ་ཕོག་མི་སྲིད་དེ། གང་ལ་ཞེ་ན། ང་ཚོ་རྫུན་གྱི་འོག་ཏུ་ཡིབ་ནས་སྡོད་པ་དང་རྫུས་མས་འགེབས་སྲུང་བྱེད་ཅེས་པའོ། ། 16 དེ་བས་གཙོ་བོ་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག བདག་གིས་ཛ་ཡན་ལ་རྨང་རྡོ་བརྟན་པོ་ཞིག་བཞག་ཡོད། རྡོ་དེ་ནི་ཚོད་ལྟ་བྱས་པའི་རྡོ་དང་རིན་པོ་ཆེའི་ཟུར་རྡོ་ཡིན་པས། དེ་ལ་དད་ཅིང་བརྟེན་མཁན་རྣམས་སེམས་འཚབ་པར་མི་འགྱུར། 17 བདག་གིས་དྲང་བདེན་ཚད་གཞི་དང་། བདེན་པ་ཉིད་ཚད་ཐིག་ཏུ་བཟུང་སྟེ། སེར་བས་རྫུན་གྱི་སྐྱབས་གནས་ཕྱགས་ཤིང་། ཆུ་ཆེན་གྱིས་འགེབས་སྲུང་ཐམས་ཅད་འཁུར་བར་བྱའོ་ཞེས་གསུངས། 18 ཁྱོད་རྣམས་ཀྱིས་འཆི་བ་དང་བཞག་པའི་ཁ་ཆད་བརླག་པར་འགྱུར་ཞིང་། ཁྱོད་རྣམས་ཀྱིས་གཤིན་ཡུལ་དང་བཞག་པའི་ཆོད་དོན་ཡང་མེད་པར་གཏོང་། ཉེས་ཆད་ཀྱི་ལྕག་ཚན་གྱིས་གཞུ་དུས་ཁྱོད་རྣམས་རྡོག་བརྫིས་གཏོང་བར་འགྱུར། 19 དེ་རྒྱུ་དུས་ཁྱོད་རྣམས་འཁྲིད་ཅིང་། སྔ་དྲོ་རེ་རེ་དང་ཉིན་མཚན་རེ་རེ་བཞིན་དུ་དེ་རྒྱུ་ཞིང་། མི་ཡིས་དེ་རྒྱུ་བ་རྟོགས་ན་དངངས་སྐྲག་སྐྱེ་བར་འགྱུར། 20 ཅི་ལ་ཞེ་ན། མལ་ཁྲི་ཆུང་དྲགས་པས་ཁྱོད་ཀྱི་ལུས་པོ་བརྐྱང་སྐུམ་མི་ནུས་ཤིང་། ཉལ་ཐུལ་ཆུང་དྲགས་པས་ལུས་པོ་ཡོངས་སུ་འགེབས་མི་ཐུབ། 21 དེ་ཡང་ཉིད་ཀྱི་འཕྲིན་ལས་མཛད་པ་དང་། ཡ་མཚན་ཅན་གྱི་འཕྲིན་ལས་མཛད་དེ་ཁོང་གི་ངོ་མཚར་ཅན་གྱི་དོན་རྣམས་མཛད་པའི་ཕྱིར། དཀོན་མཆོག་ཡ་ཝཱེ་རི་བོ་ཕེ་ར་ཙིམ་ནས་བཞེངས་པ་བཞིན་དུ་ཡར་བཞེང་ཞིང་། གིབ་ཡོན་ལུང་པར་ཐུགས་ཁྲོས་པ་བཞིན་དུ་ཁྲོ་བར་འགྱུར། 22 ཁྱོད་རྣམས་བསྡམས་པའི་ཐག་པ་དམ་པོར་མི་འགྱུར་བའི་ཆེད་དུ། ད་ལྟ་ཁྱོད་རྣམས་ཀྱིས་སྐུར་བ་འདེབས་མི་རུང་སྟེ། ཅི་ལ་ཞེ་ན། དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་ས་གཞི་ཐམས་ཅད་མེད་པར་གཏོང་བའི་ཐུགས་དགོངས་བཅངས་ཡོད་པ་ངས་ཐོས་སོ། །
23 ཁྱོད་རྣམས་ཀྱིས་རྣ་བ་གཏད་དེ་བདག་གི་སྐད་ལ་ཉོན་དང་། སེམས་བསམ་པས་བདག་གི་བཀའ་ལ་ཉོན་ཅིག 24 ཞིང་པས་རྟག་པར་ལོག་རྒྱག་གམ། ཁོས་རྒྱུན་ཆད་མེད་པར་རང་གི་ཞིང་སར་ཤལ་འདྲུད་དམ། 25 ས་ཞིང་སྙོམས་པ་ཙམ་གྱིས་དེས་གོ་སྙོད་དང་བྲོ་རྫས་མཚོན་གྱི་འཁོར་ལོ་འདེབས་ཤིང་། རིམ་གྱིས་གྲོ་འདེབས་པ་དང་། གཏན་འཁེལ་བྱས་པའི་གནས་སུ་ནས་བཏབ་སྟེ་ཞིང་ཚིགས་ཁར་སོ་བ་འདེབས་པ་མ་ཡིན་ནམ། 26 ཅིའི་ཕྱིར་ཞེ་ན། ཁོའི་དཀོན་མཆོག་གིས་ཁོ་ལ་ཞལ་གདམས་མཛད་དེ། ཁོ་ལ་ཡང་དག་པའི་བློ་གྲོས་བསྩལ་ཏོ། ། 27 གོ་སྙོད་རྡུང་དུས་སྦར་མོ་རྣོ་ངར་ཅན་མི་སྤྱོད་དེ། བྲོ་རྫས་མཚོན་གྱི་འཁོར་ལོ་བཙིར་དུས་ཀྱང་བགྲུས་འཁོར་མི་སྤྱོད་པར། དབྱུག་པས་གོ་སྙོད་དང་བྲོ་རྫས་མཚོན་གྱི་འཁོར་ལོ་རྡུང་བ་ཡིན། 28 བག་ལེབ་བཟོ་བའི་འབྲུ་རྡོག་ནི་འཐག་དགོས་ཤིང་། མི་སུས་ཀྱང་དེ་རྒྱུན་ནས་རྒྱུན་དུ་བརྡུང་བར་མི་བྱེད་ལ། མི་ཡིས་འཁོར་ལོ་དང་རྟ་ནི་འབྲུ་རིགས་སྟེང་དུ་བསྐོར་ཡང་དེ་འཐག་པར་མི་བྱའོ། ། 29 འདི་ཡང་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལས་བྱུང་བ་སྟེ། ཁོང་གི་གདམས་ངག་ཡ་མཚན་ཞིང་། ཁོང་གི་ཤེས་རབ་རྒྱ་ཆེའོ། །