ལེའུ་གཉིས་པ།
1 ཁྱོད་རྣམས་ཀྱིས་རང་གི་སྤུན་ཟླ་རྣམས་ལ་ཨམ་མཱེ་* ཨམ་མཱེ་ཞེས་པ་ནི་ངའི་མི་རིགས་ཞེས་པའི་དོན་ལ་འཇུགཞེས་དང་། ལྕམ་སྲིང་རྣམས་ལ་རུ་ཧ་མ་ † རུ་ཧ་མ་ཞེས་པ་ནི་མོར་སྙིང་རྗེ་ཐོབ་པ་ཡིན་ཞེས་པའི་དོན་ལ་འཇུགཞེས་བོས་ཤིག
གཡེམ་མ་ཀི་མཱར་དང་བློ་མི་དཀར་བའི་ཡེས་ར་ཨེལ།
2 ཁྱོད་ཅག་གིས་རང་གི་མ་དང་རྩོད་པར་གྱིས་ཤིག མོ་དང་རྩོད་པར་གྱིས། ཅིའི་ཕྱིར་ཞེ་ན། མོ་ནི་ངའི་ཆུང་མ་མིན་ལ། ང་ཡང་དེའི་ཁྱོ་ག་མ་ཡིན་ནོ། །ཡང་མོ་ལ་རང་གི་གདོང་ལས་ཤར་བའི་འདོད་སྲེད་དང་། ནུ་མ་ཟུང་གི་བར་ནས་མངོན་པའི་འདོད་ཆགས་ཀྱི་ཉམས་འགྱུར་སྤང་དུ་ཆུག་དང་། 3 དེ་ལྟར་མིན་ཚེ་ངས་མོ་གཅེར་བུར་ཕུད་དེ་སྐྱེས་མ་ཐག་པའི་ཉིན་དང་འདྲ་བར་དམར་རྗེན་དུ་ལུས་པར་བྱ་ཞིང་། ཡང་མོ་ནི་དབེན་སྟོང་དང་ཆུ་མེད་པའི་སྐམ་ས་ལྟར་སྐོམ་པས་འཆི་བར་བྱའོ། ། 4 ཡང་ངས་དེའི་བུ་ཕྲུག་རྣམས་ལ་སྙིང་རྗེ་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་ལོག་གཡེམ་ལས་བྱུང་བ་ཡིན་ནོ། ། 5 དེ་དག་གི་མ་ཡིས་ལོག་གཡེམ་བྱས་པ་དང་། དེ་དག་མངལ་ལ་འཁུར་མཁན་གྱིས་ངོ་ཚ་བའི་ལས་བྱས་པ་སྟེ། གང་ལ་ཞེ་ན། མོ་ན་རེ། ང་ནི་རང་ལ་བག་ལེབ་དང་ཆུ། བལ། སོ་མ་ར་ཙ། སྣུམ། བཏུང་བ་བཅས་སྤྲོད་མཁན་གྱི་དགའ་རོགས་ཚོའི་རྗེས་སུ་འབྲང་བར་བྱའོ་ཞེས་སྨྲས་པས་སོ། ། 6 དེ་བས་ན་མོས་རང་གི་ལམ་མི་རྙེད་པའི་ཆེད་དུ། ངས་མོའི་འགྲོ་ལམ་ཚེར་མས་བཀག་སྟེ། རྩིག་པ་བརྩིགས་ནས་མོ་བསྐོར་བར་བྱའོ། ། 7 ཁོ་མོས་རང་གི་དགའ་རོགས་ཚོའི་རྗེས་དེད་ཀྱང་རྗེས་མི་ཆོད་ལ། ཁོ་རྣམས་བཙལ་ཡང་མི་རྙེད་པས། ཁོ་མོ་ན་རེ། ང་ནི་རང་གི་ཁྱོ་ག་དང་པོའི་རྩར་ཕྱིར་ལོག་པར་བྱའོ། །ཅིའི་ཕྱིར་ཞེ་ན། ད་ལྟ་ལས་སྔོན་ཆད་ལེགས་སོ་ཞེས་སྨྲ་བར་འགྱུར། 8 དོན་དམ་དུ་ངས་འབྲུ་རིགས་དང་རྒུན་ཆང་གསར་པ་དང་། སྣུམ་གསར་པ་བཅས་མོ་ལ་གནང་བ་དང་། ཐ་ན་དེ་དག་གིས་པཱ་ཨལ་ལ་ཕུལ་བའི་གསེར་དང་དངུལ་ཡང་བདག་གིས་ཕངས་མེད་དུ་གནང་བ་མོས་མི་ཤེས་སོ། ། 9 དེ་བས་ང་རང་ཕྱིར་ཡོང་ནས་སྟོན་ཁའི་དུས་སུ་རང་གི་འབྲུ་རིགས་དང་། ཆང་བཙག་པའི་དུས་སུ་རང་གི་རྒུན་ཆང་ལེན་པར་བྱ་སྟེ། མོའི་ལུས་གཅེར་བུ་འགེབ་བྱེད་ཀྱི་བལ་དང་སོ་རས་ཀྱང་མོ་ལས་ལེན་པར་བྱའོ། ། 10 ངས་མོའི་དགའ་རོགས་རྣམས་ཀྱི་མདུན་དུ་མོའི་བཟོ་ལྟ་ངན་པ་མངོན་པར་བྱ་སྟེ། སུས་ཀྱང་ངའི་ལག་ནས་མོ་ཐར་བར་བྱ་མི་ནུས་སོ། ། 11 ཡང་ངས་མོའི་དགའ་སྟོན་དང་དུས་ཆེན། ཚེས་གཅིག ངལ་གསོ་བའི་ཉིན་མོ། ཆོས་སྟོན་ཐམས་ཅད་མཚམས་འཇོག་པར་བྱའོ། ། 12 ཡང་མོས་འདི་ནི་ངའི་དགའ་རོགས་རྣམས་ཀྱིས་ང་ལ་གནང་བའི་རྔན་པ་ཡིན་ཞེས་ཟེར་བའི་རྒུན་ཤིང་དང་སེ་ཡབ་ཤིང་རྣམས་ངས་མེད་པར་བཟོས་ནས། དེ་རྣམས་ནགས་རྒོད་དུ་བྱས་ཏེ། ཐང་རྒོད་ཀྱི་གཅན་གཟན་རྣམས་ཀྱིས་དེ་དག་བཟའ་བར་འགྱུར་རོ། ། 13 ཡང་མོས་ཉིན་རྒྱུན་པཱ་ཨལ་དག་ལ་བདུག་སྤོས་བདུགས་པའི་སྡིག་པར་ངས་ཉེས་ཆད་གཅོད་དགོས་ཏེ། དེའི་དུས་སུ་མོས་རྣ་ལོང་དང་རྒྱན་ཆ་བཏགས་ནས་དགའ་རོགས་རྣམས་ཀྱི་རྗེས་སུ་འབྲངས་ཤིང་། ང་རང་བརྗེད་པར་གྱུར་ཏོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
དཀོན་མཆོག་གིས་ཉིད་ཀྱི་མི་རིགས་ལ་བཅངས་པའི་བྱམས་བརྩེ།
14 དེ་བས་ཀྱེ་ཧོ། ངས་མོ་བསྐུལ་ནས་དབེན་སྟོང་དུ་དྲངས་ཏེ། ཚིག་སྙན་མོས་མོར་སེམས་འགུལ་ཐེབས་པར་བྱའོ། ། 15 བདག་གིས་དེ་རུ་མོར་རང་གི་རྒུན་ཚལ་རྣམས་དང་། ཨ་ཀོར་ལུང་པ་ནི་རེ་བའི་སྒོ་ཞིག་ཏུ་གནང་བར་བྱའོ། །ཡུལ་དེར་མོས་ལང་ཚོ་དར་ལ་བབས་པའི་དུས་ཏེ་མོ་ཨེ་ཅིབ་ཡུལ་ནས་ཐོན་པའི་ཉིན་མོ་རྣམས་དང་འདྲ་བར་ཨ་ལན་སྤྲོད་པར་འགྱུར་རོ། ། 16 ཡང་ཉིན་དེར་ཁྱོད་ཀྱིས་ང་ལ་ཡི་ཤི་‡ ཡི་ཤི་ཞེས་པ་ནི་ངའི་ཁྱོ་ག་ཞེས་པའི་དོན་ཡིན།ཞེས་འབོད་པ་ལས་པཱ་ཨལ་§ པཱ་ཨལ་ཞེས་པ་ནི་ང་ཡི་བདག་པོ་ཞེས་པའི་དོན་ལ་འཇུགཞེས་འབོད་པར་མི་འགྱུར་རོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 17 ཅིའི་ཕྱིར་ཞེ་ན། ངས་པཱ་ཨལ་གྱི་མིང་རྣམས་མོའི་ངག་ལས་མེད་པར་བྱས་ནས། དེ་དག་གི་མིང་ནི་སུས་ཀྱང་བརྗོད་པར་མི་འགྱུར་རོ། ། 18 ཡང་ཉིན་མོ་དེར་ངས་རང་གི་མི་རིགས་ཀྱི་དོན་དུ་ཐང་གི་གཅན་གཟན་དང་། ནམ་མཁའི་འདབ་ཆགས་དང་། ས་སྟེང་གི་ལྟོ་འགྲོ་བཅས་ལ་ཁ་ཆད་འཇོག་རྒྱུ་ཡིན་པ་དང་། ས་གཞི་ལས་གཞུ་དང་རལ་གྲི་དང་འཐབ་མོ་བཅས་པ་མེད་པར་བྱས་ནས་ཁོ་རྣམས་བདེ་བར་འགོད་དགོས། 19 ངས་ཁྱོད་ནི་རང་གི་དུས་གཏན་གྱི་བག་མར་སློང་བར་བྱ་སྟེ། དྲང་བདེན་དང་དྲང་གཞག བྱམས་སྙིང་རྗེ་བཅས་ཀྱི་སྒོ་ནས་ངའི་བག་མར་སློང་བར་བྱའོ། ། 20 ཡང་ཁྱོད་རང་གཞུང་དྲང་སྒོས་ངའི་བག་མ་བྱས་ན། ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེ་ངོ་ཤེས་པར་འགྱུར་རོ། ། 21 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཉིན་མོ་དེར་ངས་ལན་སྤྲོད་པར་བྱ་སྟེ། ངས་ནམ་མཁའ་ལ་ལན་སྤྲོད་པ་དང་། ནམ་མཁའ་ཡིས་ས་གཞི་ལ་ལན་སྤྲོད་ཅིང་། 22 ས་གཞི་ཡིས་འབྲུ་རིགས་དང་རྒུན་ཆང་གསར་པ། སྣུམ་བཅས་ལ་ལན་སྤྲོད་པ་དང་། དེ་ཐམས་ཅད་ཀྱིས་ཡེ་སི་རེ་ཨེལ་ལ་ལན་སྤྲོད་པར་བྱའོ། ། 23 ཡང་ངས་མོ་ནི་ཡུལ་འདི་རུ་ས་བོན་ལྟར་འདེབས་ཤིང་། ལོ་རུ་ཧ་མ་ལ་སྙིང་རྗེ་བསྐྱེད་ནས། ལོ་ཨམ་མཱེ་ལ་ཁྱོད་ནི་ངའི་མི་རིགས་ཡིན་ནོ་ཞེས་སྨྲ་བར་བྱ་སྟེ། ཡང་དེ་དག་གིས། ཁྱེད་ནི་ང་ཡི་དཀོན་མཆོག་ཡིན་ཞེས་ཞུ་བར་འགྱུར་རོ་ཞེས་གསུངས་སོ། །
*ལེའུ་གཉིས་པ།:1 ཨམ་མཱེ་ཞེས་པ་ནི་ངའི་མི་རིགས་ཞེས་པའི་དོན་ལ་འཇུག
†ལེའུ་གཉིས་པ།:1 རུ་ཧ་མ་ཞེས་པ་ནི་མོར་སྙིང་རྗེ་ཐོབ་པ་ཡིན་ཞེས་པའི་དོན་ལ་འཇུག
‡ལེའུ་གཉིས་པ།:16 ཡི་ཤི་ཞེས་པ་ནི་ངའི་ཁྱོ་ག་ཞེས་པའི་དོན་ཡིན།
§ལེའུ་གཉིས་པ།:16 པཱ་ཨལ་ཞེས་པ་ནི་ང་ཡི་བདག་པོ་ཞེས་པའི་དོན་ལ་འཇུག