༄༅། །ལུང་སྟོན་པ་ཧོ་ཤེ་ཨའི་མདོ།
ལུང་སྟོན་པ་ཧོ་ཤེ་ཨའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གཞུང་འདིའི་ཁ་བྱང་ནི་ལུང་སྟོན་པ་ཧོ་ཤེ་ཨ་ཡི་མིང་ནས་ཐོགས་པ་དང་། དེའི་ནང་དུ་ཁོང་གི་གསུང་འཕྲིན་རྣམས་གཅེས་ཉར་བྱས་ནས་བཀོད་ཡོད། ཧོ་ཤེ་ཨའི་དུས་སྐབས་ནི་ཡེས་ར་ཨེལ་གྱི་བྱང་ཕྱོགས་ཀྱི་རྒྱལ་ཁམས་ལ་དཀའ་སྡུག་བྱུང་བའི་དུས་ཀྱི་མཐའ་མ་རྣམས་ཡིན། སྐབས་དེ་ནི་རྒྱལ་པོ་དྲུག་གིས་མི་ལོ་ཉི་ཤུ་ཉེར་ལྔའི་རིང་ལ་རྒྱལ་སྲིད་སྐྱོང་བའི་དུས་ཀྱང་ཡིན། ཨ་སུར་པ་རྣམས་ནུབ་ཕྱོགས་སུ་རྒྱ་བསྐྱེད་པ་དང་། སྤྱི་ལོ་སྔོན་གྱི་733ལོའི་ཡས་མས་སུ་ཡེས་ར་ཨེལ་གྱི་ས་ཁུལ་འགའ་ཞིག་ཡེས་ར་ཨེལ་གྱི་མངའ་ཁོངས་ནས་བཙན་བཟུང་བྱས། དེ་ནས་སྤྱི་ལོ་སྔོན་གྱི་722-721ལོར་སཱ་མར་ཡ་གྲོང་ཁྱེར་བཙན་གྱིས་བཟུང་པ་དང་དེའི་མི་རྣམས་བཙན་ཁྲིད་བྱས། བྱང་ཕྱོགས་ཀྱི་རྒྱལ་ཁམས་ནུབ་པར་གྱུར།
ཡི་གེར་འགོད་མཁན་དང་འགོད་དུས།
སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པའི་དཀྱིལ་དུ་ཧོ་ཤེ་ཨ་ཡིས་ལུང་བསྟན་གནང་བ་དང་། དེ་ནི་ཨ་མོ་སིས་ཆོས་ཀྱི་ཕྱག་ལས་གནང་བའི་གཞུག་ཙམ་ཡིན། རྒྱུས་མི་མངའ་བའི་དགྲ་བོ་བརྒྱུད་ནས་དཀོན་མཆོག་གིས་ཉེས་ཆད་གཅོད་ངེས་ཞེས་ཨ་མོ་སི་ཡིས་ཡེས་ར་ཨེལ་པ་རྣམས་ལ་ཉེན་བརྡ་ཡང་ཡང་བཏང་། དེ་ནས་ཧོ་ཤེ་ཨ་ཡིས་དགྲ་བོ་དེ་ནི་ཨ་སུར་པ་ཡིན་པར་ངོས་བཟུང་ཡོད། དེ་ཡང་ཧོ་ཤེ་ཨ་ཞེས་པའི་གཞུང་འདི་ནི་དམ་པའི་གསུང་རབ་ནང་དུ་ལུང་བསྟན་གྱི་གཞུང་ཆུང་ཤོས་བཅུ་གཉིས་ཡོད་པ་རྣམས་ལས་དང་པོ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
གཞུང་གི་སྟོད་དུ་བཀོད་ཡོད་པའི་ཧོ་ཤེ་ཨ་ཡི་ཁྱིམ་མིའི་འཚོ་བ་ནི་དཀོན་མཆོག་གིས་རང་གི་མི་རིགས་ཀྱི་ཆེད་དུ་ཧོ་ཤེ་ཨ་ལ་གནང་བའི་ལུང་བསྟན་གྱི་མཚོན་རྟགས་ཤིག་ཡིན། དཀོན་མཆོག་ནི་ཉིད་ཀྱི་ཞལ་ཆད་ནང་གི་མི་རྣམས་ལ་ཐུགས་དགྱེས་པས། མི་རྣམས་ཀྱིས་ཁོང་སྤངས་ནས་ལོག་སེམས་བཅངས་ནའང་། དཀོན་མཆོག་གིས་ཁོ་ཚོ་ཕྱིར་འཁྲིད་ཡོང་ངེས། དེ་ཡང་གཞུང་གི་སྨད་དུ་ཡེས་ར་ཨེལ་པ་རྣམས་ཀ་ན་ཨན་གྱི་ཆོས་ལ་ཞུགས་པའི་གནས་ཚུལ་རྣམས་ཞིབ་ཕྲར་བཀོད་ཡོད། ལུང་སྟོན་པའི་གཞུང་གཞན་དག་དང་འདྲ་བར། ཧོ་ཤེ་ཨ་ཡིས་མི་རྣམས་ལ་འགྱོད་བཤགས་བགྱི་དགོས་པའི་དྲན་སྐུལ་གནང་ཡོད། གལ་སྲིད་ཁོ་ཚོས་ལྷ་སྐུ་རྣམས་སྤངས་ནས་དཀོན་མཆོག་གི་ཕྱོགས་སུ་ཕྱིར་མ་ལོག་པ་ཡིན་ན། མཐར་ཁོ་ཚོས་རང་ཉིད་བརླག་པར་འགྱུར་ངེས་ཡིན།
འཆར་ཟིན།
1. ཡིད་རྟོན་མེད་པའི་ཆུང་མ་དང་ཡིད་རྟོན་ཡོད་པའི་ཁྱོ་ག ༼1:1-3:5༽
2. ཡིད་རྟོན་མེད་པའི་རྒྱལ་ཁམས་དང་ཡིད་རྟོན་རུང་བའི་དཀོན་མཆོག ༼4:1-14:9༽
ཀ ཡིད་རྟོན་མེད་པའི་ཡེས་ར་ཨེལ་པ་རྣམས། ༼4:1-6:3༽
ཁ། ཡེས་ར་ཨེལ་པ་རྣམས་ལ་ཉེས་ཆད་བཅད་པའི་སྐོར། ༼6:4-10:15༽
ག དཀོན་མཆོག་གི་ཡིད་རྟོན་རུང་བའི་བྱམས་བརྩེ། ༼11:1-14:9༽
ལེའུ་དང་པོ།
ཧོ་ཤེ་ཨ་ཡི་ཆུང་མ་དང་བུ་བུ་མོ་རྣམས།
ཨུ་ཟི་ཡཱ་དང་། ཡོ་ཐམ་དང་། ཨ་ཧ་ཟཱ་དང་། ཧི་ཟི་ཀི་ཡཱ་བཅས་པ་ཡ་ཧུ་དཱའི་རྒྱལ་པོ་ཡིན་པ་དང་། ཡེ་ཧོ་ཨ་སི་ཡི་བུ་ཡེ་རོབ་ཨམ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བཞུགས་པའི་དུས་སུ། དཀོན་མཆོག་ཡ་ཝཱེའི་བཀའ་པེ་རེའི་བུ་ཧོ་ཤེ་ཨ་ལ་བྱུང་ངོ་། །
དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཐོག་མར་ཧོ་ཤེ་ཨ་ལ་བྱུང་བ་སྟེ། དཀོན་མཆོག་ཡ་ཝཱེས་ཁོང་ལ་འདི་སྐད་དུ། སོང་ལ་གཡེམ་མ་ཞིག་ཁྱོད་ཀྱི་ཆུང་མར་ལོངས་དང་། ལོག་གཡེམ་ལས་བྱུང་བའི་བུ་ཕྲུག་དེ་རྣམས་ཀྱང་རང་གི་བུ་ཕྲུག་ཏུ་ལོངས་ཤིག ཅི་ལ་ཞེ་ན། ཡུལ་འདིས་དཀོན་མཆོག་སྤངས་ནས་ལོག་གཡེམ་དཔག་མེད་བྱས་པས་སོ་ཞེས་གསུངས་པ་ལ། ཁོང་སོང་ནས་དིབ་ལ་ཡིམ་གྱི་བུ་མོ་ཀི་མཱར་བྱ་བ་ཆུང་མར་བླངས་ནས། མོ་མངལ་དང་ལྡན་པར་གྱུར་ཏེ་བུ་ཞིག་སྐྱེས་སོ། ། ཡང་དཀོན་མཆོག་ཡ་ཝཱེས་ཧོ་ཤེ་ཨ་ལ་འདི་སྐད་དུ། ཁོའི་མིང་ལ་ཡེ་སི་རེ་ཨེལ་ * ཡེ་སི་རེ་ཨེལ་ཞེས་པ་ནི་དཀོན་མཆོག་གིས་གཏོར་བ་ཞེས་པའི་དོན་ཡིན།ཞེས་ཐོགས་ཤིག གང་ལ་ཞེ་ན། ཡུན་རིང་མི་འགོར་བར་ངས་ཡེ་ཧུའི་ཁྱིམ་ལས་ཡེ་སི་རེ་ཨེལ་གྱི་མི་ཤ་རྩོད་ཅིང་། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ཀྱི་རྒྱལ་སྲིད་ཀྱང་ཚར་དུ་གཅོད་ངེས་ཡིན། ཡང་ཉིན་དེར། ངས་ཡེ་སི་རེ་ཨེལ་ཐང་བདེ་རུ་ཡེས་ར་ཨེལ་གྱི་གཞུ་གཅོག་གོ་ཞེས་གསུངས་སོ། ། དེ་ནས་ཀི་མཱར་ལ་ཡང་མངལ་ཆགས་ཏེ་བུ་མོ་ཞིག་སྐྱེས་པ་དང་། དཀོན་མཆོག་ཡ་ཝཱེས་ཧོ་ཤེ་ཨ་ལ་འདི་སྐད་དུ། མོའི་མིང་ལ་ལོ་རུ་ཧ་མ་ ལོ་རུ་ཧ་མ་ཞེས་པ་ནི་སྙིང་རྗེ་མི་འཐོབ་ཅེས་པའི་དོན་ཡིན།ཞེས་ཐོགས་ཤིག ཅི་ལ་ཞེ་ན། ད་ནི་ངས་ཅིས་ཀྱང་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་ལ་སྙིང་རྗེ་བར་མི་བྱ་སྟེ། ཁོ་ཚོར་ཉེས་ཆད་གཅོད་ངེས་ཡིན་ཞེས་གསུངས་སོ། ། ཡིན་ཡང་ཡ་ཧུ་དཱའི་ཁྱིམ་རྒྱུད་ལ་ངས་སྙིང་རྗེ་གནང་སྟེ། དེ་དག་གཞུ་དང་རལ་གྲི། འཐབ་མོ། རྟ། སྐྱ་དམག་བཅས་ལ་བརྟེན་ནས་ཐར་བར་མི་བྱ་སྟེ། ཁོ་ཚོའི་དཀོན་མཆོག་ཡ་ཝཱེ་ལ་བརྟེན་ནས་ཐར་དུ་འཇུག་གོ་ཞེས་གསུངས་སོ། ། ལོ་རུ་ཧ་མ་ལ་ནུ་མ་བཀར་བའི་རྗེས་སུ་ཀི་མཱར་ཡང་མངལ་དང་ལྡན་པར་གྱུར་ཏེ་བུ་ཞིག་སྐྱེས་པ་དང་། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁོའི་མིང་ལ་ལོ་ཨམ་མཱེ་ ལོ་ཨམ་མཱེ་ཞེས་པ་ནི་ངའི་མི་རྣམས་མ་ཡིན་ཞེས་པའི་དོན་ལ་འཇུགཞེས་ཐོགས་ཤིག ཅི་ལ་ཞེ་ན། ཁྱོད་ཚོ་ནི་ངའི་མི་མ་ཡིན་ལ། ང་ཡང་ཁྱོད་ཚོའི་དཀོན་མཆོག་མིན་ནོ་ཞེས་གསུངས་སོ། ། 10 ཡིན་ཡང་ཡེས་ར་ཨེལ་པ་རྣམས་ཀྱི་མི་གྲངས་ནི་གཞལ་དུ་མེད་ལ་བགྲང་ལས་འདས་པའི་རྒྱ་མཚོའི་འགྲམ་གྱི་བྱེ་མ་དང་འདྲ་བར་འགྱུར་ངེས། དེ་སྔར་ཁྱོད་ཅག་བདག་གི་མི་མ་ཡིན་ཞེས་སྨྲས་པའི་གནས་དེར། རྗེས་སུ་ཁྱོད་ཅག་ནི་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་སྲས་དང་སྲས་མོ་རྣམས་ཡིན་ཞེས་སྨྲ་བར་འགྱུར། 11 ཡ་ཧུ་དཱ་པ་དང་ཡེས་ར་ཨེལ་པ་རྣམས་གནས་གཅིག་ཏུ་འཛོམས་ནས། རང་ལ་འགོ་དཔོན་ཞིག་བསྐོས་ཏེ་ཡུལ་དེ་ནས་འཐོན་འོང་། ཅི་ལ་ཞེ་ན། ཡེ་སི་རེ་ཨེལ་གྱི་ཉིན་མོ་དེ་ནི་ཆེན་པོ་ཡིན་པར་འགྱུར་རོ། །

*ལེའུ་དང་པོ།:4 ཡེ་སི་རེ་ཨེལ་ཞེས་པ་ནི་དཀོན་མཆོག་གིས་གཏོར་བ་ཞེས་པའི་དོན་ཡིན།

ལེའུ་དང་པོ།:6 ལོ་རུ་ཧ་མ་ཞེས་པ་ནི་སྙིང་རྗེ་མི་འཐོབ་ཅེས་པའི་དོན་ཡིན།

ལེའུ་དང་པོ།:9 ལོ་ཨམ་མཱེ་ཞེས་པ་ནི་ངའི་མི་རྣམས་མ་ཡིན་ཞེས་པའི་དོན་ལ་འཇུག