ལེའུ་བཞི་པ།
སོ་ལོའི་སྲས་ཨིས་པོ་ཤེད་བཀྲོངས་པ།
སོ་ལོའི་སྲས་ཨིས་པོ་ཤེད་ཀྱིས་ཨབ་ནེར་ཁོ་རང་ཧེབ་རོན་དུ་གྲོངས་པའི་འཕྲིན་ཐོས་པ་ཙམ་གྱིས། འཇིགས་ནས་སྟོབས་ཉམས་པ་དང་ཡེས་ར་ཨེལ་པ་ཐམས་ཅད་ཀྱང་བག་ཚ་བར་གྱུར་ཏོ། ། སོ་ལོའི་སྲས་ལ་འཕྲལ་རྒོལ་རུ་ཁག་གི་བཀོད་འདོམས་དམག་དཔོན་གཉིས་ཡོད་དེ་གཅིག་གི་མིང་ལ་པ་ཨ་ནཱ་དང་གཞན་དེའི་མིང་ལ་རེ་ཁབ་ཅེས་བྱའོ། །དེ་གཉིས་ནི་པེན་ཡཱ་མེན་གྱི་བུ་ལས་པེ་ཨེ་རཱོད་པ་རིམ་མོན་བྱ་བའི་བུ་ཡིན་ཞིང་། པེ་ཨེ་རཱོད་བྱ་བ་པེན་ཡཱ་མེན་གྱི་ཁོངས་སུ་བརྩིས་པ་ཡིན་ནོ། ། པེ་ཨེ་རཱོད་པ་རྣམས་ནི་སྔར་གིད་ཏཱ་ཡིམ་ཡུལ་དུ་བྲོས་པ་དང་དེ་རིང་གི་བར་དུ་དེ་རུ་བྱེས་པར་ལུས་སོ། ། ཡང་སོ་ལོའི་སྲས་ཡོ་ནཱ་ཐན་ལ་བུ་རྐང་པ་ཞ་བོ་ཅན་ཞིག་ཡོད་དེ། དེའི་མིང་ལ་མེ་ཕི་པོ་ཤེད་ཟེར་ཞིང་། ཡེ་སི་རེ་ཨེལ་ནས་སོ་ལོ་དང་ཡོ་ནཱ་ཐན་གཉིས་གྲོངས་པའི་སྐོར་གྱི་སྐད་སླེབས་པའི་དུས་སུ། བུ་དེ་ལོ་ལྔ་ཡིན་ལ། ཁོའི་མ་མས་བུ་བཟུང་ནས་བྲོས་ཤིང་། ཡང་ཁོ་མོ་རྟབ་རྟབ་པོར་བྲོས་པས་བུ་འགྱེལ་ནས་ཞ་བོར་གྱུར་ཏོ། ། དེ་ནས་པེ་ཨེ་རཱོད་པ་རིམ་མོན་གྱི་བུ་སྟེ་རེ་ཁབ་དང་པ་ཨ་ནཱ་གཉིས་ཉིན་གུང་ཚ་བ་ཆེ་བའི་དུས་སུ་ཨིས་པོ་ཤེད་ཀྱི་ཁྱིམ་དུ་ཕྱིན་པ་དང་། དེ་ནི་ཉིན་གུང་ངལ་གསོས་ནས་ཉལ་ཡོད་ཅིང་། 6-7 རེ་ཁབ་དང་དེའི་སྤུན་པ་ཨ་ནཱ་གཉིས་གྲོ་ལེན་ཁུལ་བྱས་ནས་ཨིས་པོ་ཤེད་ཀྱི་ཁང་པའི་ནང་དུ་འོངས་ཤིང་། ཨིས་པོ་ཤེད་རང་གི་གཟིམ་ཁང་དུ་མལ་ཁྲིའི་སྟེང་ཉལ་ཡོད་པ་ལ། དེ་གཉིས་ཀྱིས་ཁོ་ལ་རལ་གྲི་བཙུགས་ནས་བསད་དེ་མགོ་བཅད་ཅིང་བྲོས་པ་དང་། མཚན་གང་པོར་མགོ་ཁྱེར་ནས་ཨ་ར་པཱ་ཡི་ལམ་དུ་ཞུགས་ཏེ་སོང་། དེ་ནས་ཨིས་པོ་ཤེད་ཀྱི་མགོ་ཧེབ་རོན་དུ་དཱ་བིད་ཀྱི་དྲུང་དུ་ཁྱེར་ནས་རྒྱལ་པོ་ལ་འདི་ལྟར། ཁྱེད་ཀྱི་དགྲ་བོ་སོ་ལོའི་བུ་ཨིས་པོ་ཤེད་ཀྱི་མགོ་འདི་ལ་གཟིགས་དང་། དེས་ནི་སྔར་རྟག་ཏུ་ཁྱེད་ཀྱི་སྲོག་ལ་བརྔམས་པའོ། །དེ་རིང་ཉིན་མོར་དཀོན་མཆོག་ཡ་ཝཱེས་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོའི་དྲུང་དུ་སོ་ལོ་དང་དེའི་བུ་རྒྱུད་ལ་ལན་གནང་བ་ཡིན་ཞེས་ཞུས་པ་ལ། དཱ་བིད་ཀྱིས་པེ་ཨེ་རཱོད་པ་རིམ་མོན་གྱི་བུ་རེ་ཁབ་དང་དེའི་སྤུན་པ་ཨ་ནཱ་གཉིས་ལ་འདི་ལྟར། དཀའ་སྡུག་ཀུན་ལས་ངའི་སྲོག་སྐྱོབ་མཁན་དང་གཏན་དུ་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་འཛུགས་པར་བྱ་སྟེ། 10 སྔར་མི་ཞིག་གིས་སོ་ལོ་གྲོངས་སོ་ཞེས་ང་ལ་འཕྲིན་བཟང་སྦྲོན་ནོ་སྙམ་ཞིང་། ངས་མི་དེ་བཟུང་ནས་ཙིག་ལག་ཡུལ་དུ་བསད་པ་དང་། དེ་ནི་ངས་དེ་ལ་འཕྲིན་བཟང་སྦྲོན་པའི་ལན་སྤྲད་པ་ཡིན་ནོ། ། 11 མི་ངན་གྱིས་མི་དྲང་བདེན་ཞིག་དེའི་ཁྱིམ་དུ་མལ་ཁྲི་སྟེང་བསད་ན། ངས་དེའི་སྲོག་ལན་ཅིས་ཀྱང་ལེན་པར་བྱ་སྟེ། ཁྱོད་གཉིས་ཀྱང་གསོད་ངེས་ཡིན་ཞེས་གསུངས་ཤིང་། 12 དཱ་བིད་ཀྱིས་རང་གི་གཞོན་ནུ་རྣམས་ལ་བཀའ་བསྩལ་པ་དང་། དེ་དག་གིས་ཁོ་གཉིས་ཀ་བསད་ཅིང་། རྐང་ལག་བཅད་དེ་བེམ་པོ་ཧེབ་རོན་གྱི་རྫིང་བུའི་འགྲམ་དུ་བཀལ། འོན་ཀྱང་ཨིས་པོ་ཤེད་ཀྱི་མགོ་ཁྱེར་ཏེ་ཧེབ་རོན་དུ་ཨབ་ནེར་གྱི་དུར་ལ་བཅུག་གོ །