ལེའུ་གསུམ་པ།
དེ་ནས་སོ་ལོའི་ཁྱིམ་དང་དཱ་བིད་ཀྱི་ཁྱིམ་གཉིས་བར་དུ་ཡུན་རིང་པོར་དམག་འཁྲུག་བྱུང་བ་དང་། དཱ་བིད་ཀྱི་སྟོབས་ནི་ཇེ་ཆེར་འཕེལ་ཞིང་སོ་ལོའི་ཁྱིམ་ནི་སྟོབས་ཇེ་ཆུང་དུ་གྱུར་ཏེ་ཉམས་སོ། །
དཱ་བིད་ཀྱི་བུ་རྣམས།
ཡང་ཧེབ་རོན་དུ་དཱ་བིད་ལ་བུ་རྣམས་སྐྱེས་ཤིང་ཡེ་སི་རེ་ཨེལ་གྱི་ཨ་ཧི་ནོ་ཨམ་ལས་ཆད་པའི་བུ་ཐོག་མ་ཨམ་ནོན་དང་། བུ་གཉིས་པ་ནི་ཀར་མེལ་ཡུལ་གྱི་ནཱ་རྦལ་ཞེས་པའི་འདས་པོ་ཁོའི་ཆུང་མ་ཨ་བི་གཱ་ཡིལ་ལས་ཆད་པའི་ཀིལ་ཨབ་དང་། བུ་གསུམ་པ་ནི་གེ་ཤུར་གྱི་རྒྱལ་པོ་ཏལ་མཱ་ཨི་ཡི་སྲས་མོ་མ་ཨ་ཀཱ་ཞེས་པ་ནས་ཆད་པའི་ཨབ་ཤཱ་ལོམ་དང་། བུ་བཞི་པ་ནི་ཧག་གིད་ལས་ཆད་པའི་ཨ་དོ་ནེ་ཡཱ་ཡིན་པ་དང་། བུ་ལྔ་པ་ནི་ཨ་བི་ཏལ་ལས་ཆད་པའི་ཤེ་ཕད་ཡཱ་ཡིན་པ་དང་། བུ་དྲུག་པ་ནི་དཱ་བིད་ཀྱི་ཆུང་མ་ཨེག་ལཱ་ལས་ཆད་པའི་ཡེད་རེ་ཨམ་སྟེ་འདི་རྣམས་ཧེབ་རོན་དུ་དཱ་བིད་ལ་སྐྱེས་པའི་བུ་རྣམས་ཡིན་ནོ། །
ཨབ་ནེར་གྱིས་དཱ་བིད་ལ་མགོ་འཛུལ་བ།
ཡང་སོ་ལོ་དང་དཱ་བིད་ཀྱི་ཁྱིམ་གཉིས་འཁྲུག་པའི་སྐབས་སུ། ཨབ་ནེར་བྱ་བ་སོ་ལོའི་ཁྱིམ་དུ་དབང་ཇེ་ཆེ་ནས་ཇེ་ཆེར་གྱུར། སྔར་སོ་ལོ་ལ་ཨ་ཡཱ་ཡི་བུ་མོ་སྟེ་རི་ཚི་ཕཱ་བྱ་བའི་ཆུན་མ་ཞིག་ཡོད་དེ། ཡང་ཨིས་པོ་ཤེད་ཀྱིས་ཨབ་ནེར་ལ། ཁྱོད་ངའི་ཕ་ཡི་ཆུན་མ་དང་འགྲོགས་དོན་ཅི་ཞེས་དྲིས་པ་དང་། ཨིས་པོ་ཤེད་ཀྱི་གཏམ་དེའི་རྐྱེན་གྱིས་ཨབ་ནེར་ཤིན་ཏུ་ཁྲོས་ནས་དེ་ལ། ང་ནི་ཡ་ཧུ་དཱ་རུ་ཁྱི་ཤི་རོ་ཞིག་ཡིན་ནམ། ད་ལྟའི་དུས་འདིར་ང་རང་ཁྱེད་ཀྱི་ཡབ་སོ་ལོའི་ཁྱིམ་མི་སྤུན་ཟླ་དང་མཛའ་གྲོགས་ཐམས་ཅད་ལ་བློ་དཀར་ཞིང་། ཁྱེད་ཀྱང་དཱ་བིད་ཀྱི་ལག་ཏུ་མ་གཏད། འོན་ཀྱང་དེ་རིང་ཁྱེད་ཀྱིས་བུད་མེད་འདིའི་ཆེད་དུ་ང་ལ་སྙད་འདོགས་སམ། གལ་ཏེ་བདག་གིས་དཀོན་མཆོག་ཡ་ཝཱེས་དཱ་བིད་ལ་མནའ་དང་བཅས་ཞལ་བཞེས་གནང་བ་བཞིན་སྤྱད་པ་མིན་ན། དཀོན་མཆོག་གིས་ཨབ་ནེར་ལ་འདིའམ་འདི་ལས་ལྷག་པ་ཞིག་མཛད་པར་ཤོག 10 གང་ཡིན་ཞེ་ན། རྒྱལ་སྲིད་སོ་ལོའི་ཁྱིམ་ལས་ཕྲལ་ཏེ། དཱན་ནས་པེར་ཤ་བཱ་ཡི་བར་དུ་ཡེས་ར་ཨེལ་དང་ཡ་ཧུ་དཱ་གཉིས་ལ་དབང་བསྒྱུར་བར་དཱ་བིད་ཀྱི་རྒྱལ་ཁྲི་བཙུགས་པ་དེའོ་ཞེས་སྨྲས། 11 ཨིས་པོ་ཤེད་ནི་ཨབ་ནེར་ལ་ཤིན་ཏུ་འཇིགས་པས་ལན་ཚིག་གཅིག་ཀྱང་སྨྲ་བར་མ་སྤོབས་སོ། ། 12 དེ་ནས་ཨབ་ནེར་གྱིས་དཱ་བིད་ཀྱི་དྲུང་དུ་བང་ཆེན་མངགས་ནས་འདི་ལྟར། ཡུལ་འདི་སུའི་ཡིན་ནམ་ཞེས་དང་། ཡང་ཁྱེད་ཀྱིས་བདག་ལ་ཆད་དོན་མཛོད་ཅིག དེ་ནས་བདག་གིས་ཡེས་ར་ཨེལ་ཐམས་ཅད་ཁྱེད་ཀྱི་ཕྱོགས་སུ་ཁ་བསྒྱུར་བར་རོགས་བྱེད་ངེས་ཡིན་ཞེས་སྨྲས་པ་ལ། 13 དཱ་བིད་ན་རེ། ལེགས་པོ་འདུག བདག་གིས་ཁྱོད་དང་ཆད་དོན་བཞག་ཆོག་མོད། ང་ལ་རེ་བ་གཅིག་ཡོད་པ་ནི། ཁྱོད་རང་ངའི་མདུན་དུ་འོང་བའི་དུས་སུ་ཐོག་མར་སོ་ལོའི་སྲས་མོ་མི་ཀལ་འཁྲིད་ཡོང་དགོས། དེ་ལྟར་མ་བྱས་ན་ཁྱོད་ཀྱིས་ང་རང་མཐོང་བར་མི་འགྱུར་ཞེས་སྨྲས། 14 དེའི་རྗེས་སུ་དཱ་བིད་ཀྱིས་སོ་ལོའི་སྲས་ཨིས་པོ་ཤེད་ཀྱི་མདུན་དུ་ཡང་བསྐྱར་བང་ཆེན་བརྫངས་ནས་དེ་ལ། ཕེ་ལེ་ཤེད་པའི་མཚན་སྐྱི་བརྒྱ་ཕྲག་ཅིག་རིན་པར་སྤྲད་ནས་བག་མར་བླངས་པ་སྟེ། ངའི་ཆུང་མ་མི་ཀལ་ཕྱིར་འོང་དུ་འཇུག་དགོས་ཞེས་སྨྲས་པས། 15 ཨིས་པོ་ཤེད་ཀྱིས་མི་མངགས་ནས་བུད་མེད་དེའི་ཁྱོ་བོ་སྟེ་ལཱ་ཨི་སིའི་བུ་ཕལ་ཏི་ཨེལ་ཞེས་པ་ལས་ཕྲོགས་སོ། ། 16 ཡང་མི་ཀལ་གྱི་ཁྱོ་ག་ངུ་བཞིན་མཉམ་དུ་ཕྱིན་ཅིང་ཁོ་མོའི་རྗེས་དེད་ནས་པཱ་ཧུ་རིམ་བར་དུ་སླེབས། དེ་ནས་ཨབ་ནེར་གྱིས་ཁོ་ལ་ཁྱོད་རང་སོང་ཞིག ཕྱིར་ལོག་ཅིག་ཅེས་བསྒོས་པ་དང་ཕལ་ཏི་ཨེལ་ཕྱིར་ལོག་གོ ། 17 ཨབ་ནེར་གྱིས་ཡེས་ར་ཨེལ་གྱི་རྒན་པོ་རྣམས་ལ་གཏམ་བྱས་ཏེ་འདི་ལྟར། སྔར་ཁྱོད་རྣམས་ཀྱིས་དཱ་བིད་རང་གི་རྒྱལ་པོ་བྱེད་པར་རེ་ལྟོས་བྱས་པ་ཡིན། 18 སྔར་དཀོན་མཆོག་ཡ་ཝཱེས་དཱ་བིད་ཀྱི་སྐོར་ལ་འདི་སྐད་དུ། བདག་གིས་རང་གི་ཞབས་ཕྱི་དཱ་བིད་བརྒྱུད་ནས་བདག་གི་འབངས་མི་ཡེས་ར་ཨེལ་ནི་ཕེ་ལེ་ཤེད་པ་དང་དེ་དག་གི་དགྲ་བོ་ཡོངས་ཀྱི་ལག་ནས་སྐྱོབ་པར་འགྱུར་ཞེས་གསུངས་པས་ད་ལྟ་དེ་བཞིན་གྲུབ་གྱུར་ཅིག་ཅེས་སྨྲས། 19 ཨབ་ནེར་གྱིས་པེན་ཡཱ་མེན་ལའང་དེ་ལྟར་སྨྲས་སོ། །དེ་ནས་ཨབ་ནེར་ཡང་ཧེབ་རོན་དུ་སོང་སྟེ་ཡེས་ར་ཨེལ་པ་རྣམས་དང་པེན་ཡཱ་མེན་གྱི་ཁྱིམ་ཡོངས་རྫོགས་མོས་མཐུན་ཡིན་པའི་དོན་ཐམས་ཅད་དཱ་བིད་ལ་སྨྲས་སོ། ། 20 ཨབ་ནེར་དང་བཅས་མི་ཉི་ཤུ་དཱ་བིད་ཀྱི་དྲུང་དུ་ཧེབ་རོན་དུ་སོང་བ་དང་། དཱ་བིད་ཀྱིས་ཨབ་ནེར་དང་བཅས་པའི་མི་རྣམས་ལ་གསོལ་སྟོན་བཤམས་པ་རེད། 21 དེའི་རྗེས་སུ་ཨབ་ནེར་གྱིས་དཱ་བིད་ལ་འདི་ལྟར། ཁྱེད་དང་ཆད་དོན་འཇོག་པའི་ཕྱིར། ང་རང་ལངས་ནས་སོང་སྟེ་ཡེས་ར་ཨེལ་པ་ཐམས་ཅད་བདག་གི་ཇོ་བོ་དང་བདག་གི་རྒྱལ་པོའི་དྲུང་དུ་འཛོམ་པར་བྱའོ། །དེ་ལྟར་བྱས་ན་ཁྱེད་ཀྱིས་ཉིད་ཀྱི་ཐུགས་དགོངས་བཞིན་དུ་ཐམས་ཅད་ལ་དབང་བསྒྱུར་བར་འགྱུར་རོ་ཞེས་ཞུས་པ་ལ། དཱ་བིད་ཀྱིས་ཨབ་ནེར་ཕྱིར་མངགས་ཤིང་ཁོ་བདེ་བར་ཕྱིན་ཏོ། །
ཨབ་ནེར་བཀྲོངས་པ།
22 དེའི་དུས་སུ་ཡོ་ཨབ་དང་དཱ་བིད་ཀྱི་འཁོར་གཡོག་རྣམས་ཀྱིས་དགྲ་ལ་རྒོལ་ནས་བཅོམ་ནོར་མང་པོ་ཁྱེར་ཏེ་ལོག་འོངས་ཤིང་། སྐབས་དེར་ཨབ་ནེར་ནི་དཱ་བིད་དང་ལྷན་ཅིག་ཧེབ་རོན་དུ་མེད་དེ། གང་ལ་ཞེ་ན། དཱ་བིད་ཀྱིས་ཁོ་རང་བདེ་བར་འགྲོ་རུ་བཅུག་པས་སོ། ། 23 དེ་ནས་ཡོ་ཨབ་དང་ཁོའི་རྗེས་སུ་འབྲངས་པའི་དམག་དཔུང་ཐམས་ཅད་སླེབས་པ་ལ། དེ་དག་གིས་ཡོ་ཨབ་ལ་ནེར་གྱི་བུ་ཨབ་ནེར་རྒྱལ་པོའི་དྲུང་དུ་འོངས་པ་དང་། རྒྱལ་པོས་ཁོ་འགྲོ་རུ་བཅུག་ཅིང་ཁོ་རང་བདེ་བར་ཕྱིན་ཚར་ཞེས་སྨྲས་པས། 24 ཡོ་ཨབ་རྒྱལ་པོའི་དྲུང་དུ་སོང་སྟེ་ན་རེ། ཁྱེད་ཀྱིས་ཅི་ཞིག་བྱས་པར་གཟིགས་དང་། ཨབ་ནེར་ཁྱེད་ཀྱི་དྲུང་དུ་སླེབས་ན་དེ་ནི་ཅིའི་ཕྱིར་འགྲོ་རུ་བཅུག་པ་ཡིན་ནམ། ད་ནི་ཁོ་རང་སོང་ཚར། 25 ཁྱེད་རང་ནེར་གྱི་བུ་ཨབ་ནེར་ལ་ཆ་རྒྱུས་ཡོད་ཅིང་། དེ་ནི་ཁྱེད་བསླུ་བ་དང་ཁྱེད་ཀྱི་འགྲོ་འདུག་མཛད་དོན་ཐམས་ཅད་རྟོགས་པའི་ཕྱིར་འདིར་འོངས་པ་ཡིན་ཞེས་སྨྲས་སོ། ། 26 ཡོ་ཨབ་ནི་དཱ་བིད་ཀྱི་དྲུང་ནས་ཐོན་པ་ཙམ་གྱིས་ཨབ་ནེར་གྱི་རྗེས་སུ་བང་ཆེན་ར་མདར་མངགས་ཤིང་། དེ་དག་གིས་ཁོ་རང་སི་རཱའི་ཡུལ་གྱི་ཁྲོན་པ་ནས་ཕྱིར་ཁྲིད་འོངས་ནའང་། དཱ་བིད་ཀྱིས་དོན་དེ་ཅི་ཡང་མ་ཤེས་སོ། ། 27 ཨབ་ནེར་ནི་ཧེབ་རོན་དུ་ཕྱིར་སླེབས་པའི་ཚེ། ཡོ་ཨབ་ཀྱིས་ཁོ་ལ་གསང་གཏམ་བཤད་པའི་ཚུལ་གྱིས་ཁོ་རང་མཁར་སྒོའི་གྲུ་ག་ཞིག་ཏུ་ཁྲིད་ནས་ཕོ་བ་བརྟོལ་བས་ཁོ་ཤིའོ། །ཡོ་ཨབ་ཀྱིས་དེ་ལྟར་རང་གི་ནུ་བོ་ཨ་སཱ་ཧེལ་ལ་དགྲ་ཤ་བླངས་པ་རེད། 28 དེའི་རྗེས་སུ་དཱ་བིད་ཀྱིས་འཕྲིན་དེ་ཐོས་པ་དང་འདི་ལྟར། ནེར་གྱི་བུ་ཨབ་ནེར་བསད་པའི་དོན་དེའི་ཐད་ནས་བདག་དང་བདག་གི་རྒྱལ་སྲིད་ལ་དཀོན་མཆོག་ཡ་ཝཱེའི་དྲུང་དུ་ནམ་ཡང་ཉེས་པ་མེད་དོ། ། 29 ཉེས་པ་དེ་ནི་ཡོ་ཨབ་དང་དེའི་ཕ་གཞིས་ཡོངས་ལ་འབབ་པར་ཤོག་ཅིག ཡང་ཡོ་ཨབ་ཀྱི་ཁྱིམ་ལས་རྣག་འཛིར་བའི་ནད་དང་། མཛེ་ནད་དང་། འཁར་བ་ལ་བརྟེན་པ་དང་། གྲི་སོར་ལྟུང་བ་དང་། ཁ་ཟས་མེད་པ་རྣམས་ནི་ནམ་ཡང་ཆད་པར་མ་གྱུར་ཅིག་ཅེས་གསུངས་སོ། ། 30 དེ་ལྟར་ཡོ་ཨབ་དང་དེའི་ནུ་བོ་ཨ་བི་ཤཱ་ཨི་གཉིས་ཀྱིས་ཨབ་ནེར་བསད་དོ། །གང་ལ་ཞེ་ན། དེས་ཁོ་ཚོའི་སྤུན་ཨ་སཱ་ཧེལ་བྱ་བ་གིབ་ཡོན་ཡུལ་དུ་འཐབ་མོར་བསད་པས་སོ། །
ཨབ་ནེར་དུར་ལ་བཅུག་པ།
31 དེར་དཱ་བིད་ཀྱིས་ཡོ་ཨབ་དང་བཅས་པའི་མི་རྣམས་ལ། རང་གི་གོས་གཤགས་ཏེ་རྩིད་རས་གཡོགས་ཤིག ཨབ་ནེར་གྱི་མདུན་ནས་མྱ་ངན་བྱོས་ཤིག་ཅེས་སྨྲས་ཤིང་ཡང་རྒྱལ་པོ་དཱ་བིད་ཀྱང་ཨབ་ནེར་གྱི་པུར་སྒམ་རྗེས་སུ་ཕྱིན་ཏོ། ། 32 དེ་ནས་དེ་དག་གིས་ཨབ་ནེར་བྱ་བ་ཧེབ་རོན་ཡུལ་དུ་དུར་ལ་བཅུག་པ་དང་རྒྱལ་པོ་སྐད་ཆེན་པོས་ཨབ་ནེར་གྱི་དུར་ཁུང་གི་མདུན་དུ་བཤུམས་ཏེ་མི་ཐམས་ཅད་ཀྱང་ངུས་སོ། ། 33 རྒྱལ་པོས་ཨབ་ནེར་གྱི་དོན་དུ་མྱ་ངན་བྱས་ནས་འདི་ལྟར། ཨབ་ནེར་ཁྱེད་རང་གྲོངས་པ་ནི། །བླུན་པོ་གྲོངས་པའི་ལུགས་ཡིན་ནམ། ། 34 ཁྱེད་ཕྱག་ཐག་པས་མ་བཀྱིགས་ལ། །རྐང་པར་ལྕགས་སྒྲོག་ཀྱང་མ་བརྒྱབ། །ཁྱེད་རང་ཅི་ལྟར་ལྷུང་ཞེ་ན། །མི་ངན་མདུན་དུ་ལྷུང་བ་བཞིན། །ཞེས་གསུངས་པས་མི་རྣམས་ཨབ་ནེར་གྱི་དོན་དུ་ལྷག་པར་ངུས་སོ། ། 35 དེ་ནས་ཉི་མ་ད་དུང་མ་ནུབ་པའི་དུས་སུ་མི་རྣམས་འོངས་ནས་དཱ་བིད་ལ་ཁ་ཟས་སྟེར་འདོད་ནའང་དཱ་བིད་ཀྱིས་མནའ་བསྐྱལ་ཞིང་གལ་ཏེ་ངས་ཉི་མ་ནུབ་པའི་སྔོན་དུ་ཟས་གང་ཞིག་ཁ་རག་ན། དཀོན་མཆོག་གིས་བདག་ལ་འདིའམ་འདི་ལས་ལྷག་པ་ཞིག་མཛད་པར་ཤོག་ཅེས་གསུངས། 36 མི་ཐམས་ཅད་ཀྱིས་དེ་མཐོང་ནས་དགའ་བར་གྱུར་ཅིང་རྒྱལ་པོས་ཅི་བྱས་ཐམས་ཅད་ལ་མི་རྣམས་དགའ་བར་གྱུར་ཏོ། ། 37 ཉིན་དེར་མི་ཚོགས་དང་ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་ནེར་གྱི་བུ་ཨབ་ནེར་བསད་པ་ནི་རྒྱལ་པོའི་ཐུགས་དགོངས་མིན་པ་ཤེས་པ་རེད། 38 དེ་ནས་རྒྱལ་པོས་ཉིད་ཀྱི་བློན་འཁོར་རྣམས་ལ། དེ་རིང་ཉིན་མོར་ཡེས་ར་ཨེལ་གྱི་ནང་དུ་རྗེ་བོ་དང་སྐྱེས་མཆོག་གྲོངས་པ་ཁྱོད་ཚོས་མི་ཤེས་སམ། 39 བདག་ནི་རྒྱལ་པོར་བྱུགས་ཀྱང་དེ་རིང་ཉིན་མོར་ད་དུང་ཉམས་ཆུང་སྟེ། ཟེ་རུ་ཡཱ་ཡི་བུ་འདི་རྣམས་ནི་ནུས་སྟོབས་རབ་ཏུ་ཆེ་བས་བདག་གིས་ཐུབ་པ་མིན། དཀོན་མཆོག་ཡ་ཝཱེས་ངན་སྤྱོད་མི་ལ་དེའི་ངན་ལན་འཇལ་བར་ཤོག་ཅེས་གསུངས་སོ། །