གསུང་མགུར་གྱ་དྲུག༌པ།
དཀོན་མཆོག་ཡ་ཝཱེའི་སྐྱབས་འཚོལ་བ།
1 ༼དཱ་བིད་ཀྱི་གསོལ༌འདེབས།༽ ང་ནི་འཕོངས་ཤིང་ཉམ་ཐག་ཅན་ཡིན༌པས། །གསན་ཞིང་བཀའ་ལན་གནོངས་ཤིག་ཀྱེ་ཡ༌ཝཱེ།། 2 དད་གུས་ལྡན་པས་ངའི་སྲོག་བསྲུང་བར༌མཛོད། །ཀྱེ་ཀྱེ་དཀོན་མཆོག་ཁྱེད་ལ་བློ་གཏོད༌པའི། །ཁྱེད་ཀྱི་ཞབས་ཕྱི་ང་རང་སྐྱབས་སུ༌གསོལ།། 3 ཉིན་གང་ཁྱེད་ལ་འོ་དོད་ངས་འབོད༌པས། །ང་ལ་སྙིང་རྗེ་མཛོད་ཅིག་ཀྱེ་གཙོ༌བོ།། 4 སེམས་ཀྱི་རེ་སྨོན་ཁྱེད་ལ་བཅངས་པས༌ན། །ཁྱེད་ཀྱི་ཞབས་ཕྱིའི་སེམས་པ་སྐྱིད་པར༌མཛོད།། 5 ཀྱེ་ཀྱེ་གཙོ་བོ་ཁྱེད་ནི་བཟང་བ༌དང༌། །མི་ལ་དགོངས་ཡངས་གནང་བ་ཡིན་ལགས༌ཤིང༌། །ཁྱེད་མཚན་འབོད་པར་བྱམས་བརྩེ་དཔག་མེད༌མངའ།། 6 ང་ཡི་སྨོན་ལམ་གསན་རོགས་ཀྱེ་ཡ༌ཝཱེ། །བདག་གི་ཞུ་བའི་སྐད་ལ་གསན་མཛོད༌ཅིག། 7 ཁྱེད་ཀྱིས་ང་ལ་བཀའ་ལན་གནང་འོང༌བས། །དཀའ་སྡུག་ཉིན་མོར་ང་ཡིས་ཁྱེད་འབོད༌དོ།། 8 གཙོ་བོ་ཁྱེད་འདྲ་ལྷ་ཡི་ཁྲོད་དུ༌མེད། །ཁྱེད་ཀྱི་མཛད་པ་དཔེ་ཟླ་དང་བྲལ༌ཏོ།། 9 གཙོ་བོ་ཁྱེད་ཀྱིས་མཛད་པའི་མི་རིགས༌ཀུན། །ཁྱེད་དྲུང་འོངས་ནས་གུས་ཕྱག་འཚལ་བ༌དང༌། །ཁྱེད་ཀྱི་མཚན་ལ་བསྟོད་བསྔགས་བརྗོད་པར་འགྱུར།། 10 ཁྱེད་གཅིག་དཀོན་མཆོག་ལགས་ཏེ་ཁྱེད་ཆེ༌ཞིང༌། །ངོ་མཚར་རྨད་བྱུང་དོན་རྣམས་ཁྱེད་ཀྱིས༌མཛད།། 11 ཁྱེད་ཀྱི་ལམ་ནི་ང་ལ་སྟོན་པར༌མཛོད། །ཁྱེད་ཀྱི་བདེན་པའི་ནང་དུ་འགྲུལ་བར༌བྱ། །ཁྱེད་ཀྱི་མཚན་ལ་བློ་སེམས་རྩེ་གཅིག༌གིས། །གུས་ཤིང་འཇིགས་པར་མཛོད་ཅིག་ཀྱེ་ཡ༌ཝཱེ།། 12 ཀྱེ་ཀྱེ་གཙོ་བོ་ང་ཡི་དཀོན་མཆོག༌ལགས། །བདག་གིས་ཡིད་སེམས་ཧྲིལ་པོས་ཁྱེད་ལ༌བསྟོད། །རྟག་ཏུ་ཁྱེད་ཀྱི་མཚན་ལ་བསྟོད་བསྔགས་འབུལ།། 13 ཁྱེད་ཀྱིས་ང་ལ་སྙིང་རྗེ་ཆེར་བསྐྱེད༌ཅིང༌། །གཤིན་པོའི་ཡུལ་གྱི་མཐིལ་ནས་ངའི་སྲོག༌བསྐྱབས།། 14 ཀྱེ་ཧོ་དཀོན་མཆོག་ང་རྒྱལ་ཅན་རྣམས༌ནི། །དགྲ་རུ་ལངས་ཤིང་གདུག་རྩུབ་ཅན་རྣམས༌ཀྱིས། །བདག་གི་སྲོག་ལ་བསྙེགས་ནས་དེ་དག༌གིས། །ཁྱེད་ཉིད་མིག་གི་ནང་དུ་མི་འཇོག༌གོ། 15 འོན་ཀྱང་གཙོ་བོ་ཁྱེད་ནི་སྙིང་རྗེ༌དང༌། །ཐུགས་རྗེ་ཅན་གྱི་དཀོན་མཆོག་ལགས་པས༌ན། །ཁྱེད་ཉིད་རང་དགར་ཐུགས་ནི་མི་ཁྲོ༌ཞིང༌། །བྱམས་བརྩེ་དྲང་བདེན་དཔག་ཏུ་མེད་པ༌ཡོད།། 16 ངའི་ཕྱོགས་འཁོར་ནས་ང་རང་དྲིན་གྱིས༌སྐྱོངས། །ཁྱེད་ཀྱི་ཞབས་ཕྱིར་ཉིད་ཀྱི་མཐུ་སྟོབས༌གནོངས། །ཁྱེད་ཀྱི་གཡོག་མོའི་བུ་ནི་སྐྱོབ་པར༌མཛོད།། 17 ཡ་ཝཱེ་ཁྱེད་ཀྱིས་བདག་ལ་གྲོགས་མཛད༌ཅིང༌། །སེམས་གསོ་གནང་བ་དགྲ་བོས་མཐོང་ནས༌ནི། །སྐྱེངས་ཕྱིར་ང་ལ་བཟང་བའི་རྟགས་སྟོན༌རོགས།།