གསུང་མགུར་རེ་དྲུག༌པ།
བསྟོད་པ་དང་བཀའ་དྲིན་དྲན་པའི་མགུར་མ།
༼དབུ་མཛད་ལ་སྤྲད་པའི་མགུར༌མ།༽ ཀྱེ་ཀྱེ་ས་གཞི་ཡོངས་ཀྱིས་དཀོན་མཆོག༌ལ། །དགའ་མགུ་རངས་པའི་ཀུ་ཅོ་སྒྲོགས་ཤིག༌དང༌།། ཁོང་གི་སྙན་གྲགས་ལ་ནི་བསྟོད་དབྱངས༌ཕུལ། །གཟི་བརྗིད་བསྟོད་བསྔགས་ཁོང་ལ་འབུལ་བར༌གྱིས།། དཀོན་མཆོག་ལ་ནི་འདི་ལྟར་ཞུ་བར༌གྱིས། །ཁྱེད་ཀྱི་མཛད་པ་ཅི་འདྲའི་ཁྱད་དུ་འཕགས། །ཁྱེད་ཀྱི་མཐུ་སྟོབས་ཤིན་ཏུ་ཆེ་བས༌ན། །དགྲ་རྣམས་ཁྱེད་ཀྱི་དྲུང་དུ་འཁུམ་པར༌འགྱུར།། ས་གཞི་ཡོངས་ཀྱིས་ཁྱེད་ལ་ཕྱག་འཚལ༌ཞིང༌། །ཁྱེད་ཀྱི་མཚན་ལ་བསྟོད་དབྱངས་འབུལ་བར༌བྱ།།༼ སེ༌ལཱ། ༽ ཁྱོད་རྣམས་ཤོག་ལ་དཀོན་མཆོག་མཛད་པར༌ལྟོས། །མི་ལ་མཛད་པའི་དོན་རྣམས་ངོ་མཚར་ཆེ།། ཁོང་གིས་རྒྱ་མཚོ་སྐམ་སར་མཛད་པ༌དང༌། །མི་རྣམས་རྐང་ཐང་གཙང་པོ་བརྒལ་ནས༌ཕྱིན། །བདག་ཅག་ཁོང་གི་ནང་དེར་དགའ་བར༌བྱ།། ཁོང་གི་དབང་གིས་རྟག་ཏུ་སྲིད་སྐྱོང༌ཞིང༌། །ཐུགས་རྗེའི་སྤྱན་གྱིས་མི་རིགས་ཀུན་ལ༌གཟིགས། །གྱེན་ལོག་མི་རྣམས་ཁེངས་དྲེགས་མ་བསྐྱེད༌ཅིག།༼ སེ༌ལཱ། ༽ མི་སྡེ་རྣམས་ཀྱིས་ང་ཚོའི་དཀོན་མཆོག༌ལ། །བསྟོད་པ་ཕུལ་ཞིག་བསྔགས་སྒྲ་ཐོས་སུ༌ཆུགས།། ཁོང་གིས་རང་ཅག་ཚེ་སྲོག་སྲུང་བར༌མཛད། །རང་རེའི་རྐང་པ་འཁྱོར་དུ་མ་བཅུག༌གོ། 10 དཀོན་མཆོག་ཁྱེད་ཀྱིས་ང་ཚོར་ཚོད་བགམས༌ཤིང༌། །དངུལ་ལ་བཙོ་སྦྱང་བྱེད་ལྟར་ངེད་ལ༌བརྟག། 11 ཁྱེད་ཀྱིས་ངེད་རྣམས་རྙི་རྒྱའི་ནང་དུ༌བཅུག །ཁུར་པོ་ལྕི་མོ་ངེད་ཅག་རྒྱབ་ཏུ༌བཀལ།། 12 མི་རྣམས་ང་ཚོའི་མགོ་བོར་ཞོན་དུ༌བཅུག །ངེད་རྣམས་མེ་ཆུ་བརྒྱུད་ནས་སོང་ན༌ཡང༌། །ལོངས་སྤྱོད་འཛད་མེད་གནས་སུ་ཁྱེད་ཀྱིས༌དྲངས།། 13 སྦྱིན་སྲེག་ཁྱེར་ནས་ཁྱེད་ཀྱི་མཆོད་ཁང༌དུ། །ང་རང་ཡོང་ནས་དམ་བཅའ་བསྒྲུབ་པར༌བྱ།། 14 དཀའ་སྡུག་དུས་སུ་ང་ཡི་མཆུ་སྒྲོས༌ཀྱིས། །དམ་བཅའ་བཞག་ཅིང་ཁ་ཡིས་སྨྲས་པ༌ལྟར།། 15 ཕྱུགས་ཟོག་ཤ་ཤེད་ཅན་རྣམས་སྦྱིན་སྲེག༌དང༌། །ལུག་ཐུག་རྣམས་ནི་དྲི་ཞིམ་མཆོད་པར༌འབུལ། །དེ་མིན་གླང་དང་ར་ཡང་འབུལ་བར༌བྱ།།༼ སེ༌ལཱ། ༽ 16 དཀོན་མཆོག་ལ་ནི་གུས་ཤིང་འཇིགས་པ༌ཀུན། །ཤོག་ལ་ཉོན་ཅིག་བདག་གིས་ཁྱོད་རྣམས༌ལ། །ཁོང་གིས་ངའི་དོན་ཅི་མཛད་འཆད་པར༌བྱ།། 17 བདག་གི་སྨྲ་སྒོས་ཁོང་ལ་འོ་དོད༌བོས། །བདག་གི་ལྕེ་ཡིས་ཁོང་ལ་བསྟོད་བསྔགས༌ཕུལ།། 18 གལ་ཏེ་ངའི་སེམས་སྡིག་པར་དགའ་ན༌ནི། །གཙོ་བོས་བདག་ལ་གསན་པར་མི་འགྱུར༌རོ།། 19 འོན་ཀྱང་ཁོང་གིས་དངོས་གནས་གསན་པ༌དང༌། །ང་ཡི་གསོལ་འདེབས་སྐད་ལ་སྙན་གཏད༌དོ།། 20 ང་ཡི་སྨོན་ལམ་ལ་ནི་གསན་པ༌དང༌། །ཉིད་ཀྱི་བྱམས་བརྩེ་ང་ལས་མ་ཕྲལ༌བའི། །དཀོན་མཆོག་ཁོང་ཉིད་བསྟོད་པར་འོས་སོ༌ལོ།།