གསུང་མགུར་ཉེར་གཉིས༌པ།
སྡུག་བསྔལ་ཁྲོད་ཀྱི་གསོལ་འདེབས་དང་བསྟོད་བསྔགས།
1 ༼ཐོ་རངས་ཤྭ་ཡུ་མོའི་དབྱངས་ནང་དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ བདག་གི་དཀོན་མཆོག་བདག་གི་དཀོན་མཆོག༌ལགས། །ཁྱེད་ཀྱིས་ང་རང་རྒྱབ་ཏུ་བསྐྱུར་དོན༌ཅི། །རྒྱང་རིང་གནས་སུ་བཞུགས་ནས་མི་སྐྱོབ༌ཅིང༌། །འཁུན་སྒྲ་ཕྱུང་ཡང་མི་གསན་རྒྱུ་མཚན༌ཅི།། 2 ཀྱེ་ཀྱེ་ང་ཡི་དཀོན་མཆོག་ཉིན་མོའི༌དུས། །འོ་དོད་བོས་ཀྱང་བཀའ་ལན་གནང་མ༌བྱུང༌། །མཚན་མོའི་དུས་ཀྱང་ཞུ་བའི་མཚམས་མ༌བཞག། 3 འོན་ཀྱང་ཁྱེད་ནི་དམ་པ་ཉིད་ལགས༌ཤིང༌། །ཡེས་ར་ཨེལ་གྱི་བསྟོད་པའི་ཁྲི་ལ༌བཞུགས།། 4 ངེད་ཅག་མེས་པོས་ཁྱེད་ལ་བློ་གཏད༌བཅོལ། །ཁོ་རྣམས་ཁྱེད་ལ་བརྟེན་ནས་ཁྱེད་ཀྱིས༌བསྐྱབས།། 5 ཁྱེད་ལ་འོ་དོད་བོས་ཤིང་ཐར་བར༌གྱུར། །ཁྱེད་ལ་བློ་གཏད་བཅོལ་བས་ཕངས་མ༌གྱུར།། 6 ང་ནི་འབུ་ཙམ་ཡིན་ཞིང་མི་མ༌ཡིན། །མི་ཡིས་སྨད་ནས་མཐོང་ཆུང་བྱས་པ༌འོ།། 7 ང་རང་མཐོང་མཁན་ཀུན་གྱིས་འཕྱ་སྨོད༌བྱེད། །མཆུ་སྒྲོས་བསེགས་ནས་མགོ་བོ་གཡུག་བཞིན༌དུ།། 8 ཁོས་ནི་རང་ཉིད་ཡ་ཝཱེར་བཅོལ་བས༌ན། །ཡ་ཝཱེ་ལ་ནི་ཁོ་རང་སྐྱོབ་ཏུ༌ཆུག །ཡ་ཝཱེས་ཁོ་རང་གཅེས་སུ་འཛིན་པས༌ན། །ཁོང་ལ་དེ་ནི་སྒྲོལ་དུ་ཆུག་ཅེས༌སྨྲ།། 9 འོན་ཀྱང་ཁྱེད་ཀྱིས་ང་རང་མངལ་ལས༌ཕྱུང༌། །འོ་འཐུང་དུས་ནས་ཁྱེད་ལ་བརྟེན་པ༌བསླབས།། 10 སྐྱེས་པའི་ཚུན་ནས་ང་རང་ཁྱེད་ལ༌བཅོལ། །མངལ་ནས་ཁྱེད་ནི་ང་ཡི་དཀོན་མཆོག༌ཡིན།། 11 ཆག་སྒོ་ཉེ་ཞིང་སྡོངས་གྲོགས་མེད་པས༌ན། །ཁྱེད་རང་ང་དང་རིང་དུ་མི་གྱེས༌རོགས།། 12 གླང་གོག་མང་པོས་ང་རང་བསྐོར་བ༌དང༌། །པཱ་ཤན་གླང་གོག་སྟོབས་ཆེན་མཐའ་ནས༌རུབས།། 13 སྡེར་བགྲད་ང་རོ་སྒྲོག་པའི་སེང་གེ༌བཞིན། །དེ་ཚོས་ང་ཡི་ཕྱོགས་སུ་ཁ་ཆེར༌གདང༌།། 14 ང་ནི་ཆུ་བཞིན་ཕྱི་རུ་ཕོས་པ༌དང༌། །ལུས་ཀྱི་རུས་ཚིགས་ཐམས་ཅད་ཐོར་ནས༌ནི། །ངའི་སེམས་སྤྲ་ཚིལ་བཞིན་དུ་ཁོག་ནས༌བཞུས།། 15 ང་ཡི་སྟོབས་ཤུགས་རྫ་ཆག་ལྟར་དུ༌བསྐམས། །བདག་གི་ལྕེ་ནི་རྐན་གྱི་ངོས་ལ༌འབྱར། །ཁྱེད་ཀྱིས་ང་རང་འཆི་བའི་ཐལ་ནང༌བཞག། 16 ཁྱི་སྤྱང་ངན་པས་ང་རང་མཐའ་ནས༌བསྐོར། །མི་ངན་ཚོགས་ཀྱིས་ང་ཡི་ཕྱོགས་བཞིར༌རུབས། །བདག་གི་རྐང་ལག་བཞི་པོར་བུ་ག༌བརྟོལ།། 17 བདག་གིས་རུས་པ་ཀུན་གྱི་གྲངས་བརྩི༌ནུས། །ཁོ་ཚོའི་མིག་གིས་བདག་ལ་ཅེར་རེ༌བལྟས།། 18 ང་ཡི་ཕྱི་གོས་དེ་ཚོས་བགོ་བཤའ༌བརྒྱབ། །ང་ཡི་གྱོན་གོས་ཕྱིར་དུ་རྒྱན་འཕངས༌སོ།། 19 ཡ་ཝཱེ་ཁྱེད་ཉིད་རྒྱང་རིང་མི་བཞུགས༌རོགས། །ཁྱེད་ངའི་སྟོབས་ཡིན་མྱུར་དུ་རོགས་རམ༌མཛོད།། 20 ཁྱེད་ཀྱིས་ངའི་སྲོག་གཅིག་པུ་རལ་གྲི༌དང༌། །ཁྱི་སྤྱང་ངན་པའི་དབང་ལས་སྐྱོབ་པར༌མཛོད།། 21 ང་རང་སེང་གེའི་ཁ་ལས་ཐར་བར༌མཛོད། །ཞལ་བཞེས་བཞིན་དུ་གླང་རྒོད་རྭ་ལས༌སྐྱོབ།། 22 ང་ཡིས་རང་གི་སྤུན་ཟླར་ཁྱེད་མཚན༌བརྗོད། །ཚོགས་ཀྱི་ནང་དུ་ཁྱེད་ལ་བསྟོད་པ༌འབུལ།། 23 ཀྱེ་ཀྱེ་ཡ་ཝཱེར་གུས་ཤིང་འཇིགས་པ༌རྣམས། །ཁྱོད་ཅག་ཀུན་པོས་ཁོང་ལ་བསྟོད་པར༌གྱིས། །ཡ་ཀོབ་བུ་རྒྱུད་ཀུན་གྱིས་ཁོང་ལ༌བཀུར། །ཡེས་ར་ཨེལ་གྱི་རྒྱུད་རྣམས་གུས་འདུད༌ཞུས།། 24 རྒྱུ་མཚན་སྡུག་གིས་མནར་བའི་མི་རྣམས༌ལ། །ཁོང་གིས་མ་སྨད་ཞེ་ཡང་ལོག་པ༌མིན། །ཁོང་གིས་དེ་ལ་ཞལ་ངོ་བཀབ་པ༌མེད། །འོ་དོད་འབོད་དུས་ཁོང་གིས་གསན་པ༌ཡིན།། 25 མི་ཚོགས་ཆེན་པོའི་དཀྱིལ་དུ་ངས་ཁྱེད༌ལ། །ཕུལ་བའི་བསྟོད་ཚིག་ཁྱེད་ནས་འབྱུང་བ༌ཡིན། །ཡ་ཝཱེར་གུས་ཤིང་འཇིགས་པ་རྣམས་ཀྱི༌མདུན། །ང་ཡིས་རང་གི་དམ་བཅའ་བསྒྲུབ་པར༌བྱ།། 26 སྙེམས་ཆུང་རྣམས་ཀྱིས་བཟའ་ཞིང་ཚིམ་པར༌འགྱུར། །ཡ་ཝཱེ་འཚོལ་མཁན་རྣམས་ཀྱིས་ཁོང་ལ༌བསྟོད། །ཁྱོད་ཚོའི་སེམས་ནི་གཏན་དུ་འཚོ་བར༌ཤོག། 27 སའི་མཐའ་ཀུན་གྱིས་ཡ་ཝཱེ་དྲན་ནས༌ནི། །ཐམས་ཅད་ཁོང་གི་དྲུང་དུ་ལོག་པར༌འགྱུར། །མི་རིགས་ཀུན་གྱི་རིགས་རུས་མཐའ་དག༌གིས། །ཁྱེད་ཀྱི་དྲུང་དུ་གུས་པས་ཕྱག་འཚལ༌བགྱི།། 28 གང་ལ་ཞེ་ན་རྒྱལ་སྲིད་ཡ་ཝཱེའི༌ཡིན། །མི་རིགས་རྣམས་ཀྱི་མངའ་བདག་ཁོང་ཉིད༌དོ།། 29 ས་གཞིའི་སྟེང་གི་འབྱོར་ལྡན་ཐམས་ཅད༌ཀྱིས། །བཟའ་བཏུང་སྤྱོད་ཅིང་བསྙེན་བཀུར་བྱེད་པར༌འགྱུར། །གསོན་པར་མ་ནུས་ས་རུ་ཐིམ་པ༌རྣམས། །ཁོང་གི་དྲུང་དུ་པུས་མོ་ས་རུ༌འཛུགས།། 30 ཁོང་ལ་ཞབས་ཏོག་སྒྲུབ་པའི་བུ་རྒྱུད༌འབྱུང༌། །གཙོ་བོའི་འཕྲིན་ལས་མི་རབས་རྗེས་མར༌སྒྲོག། 31 ཁོ་ཚོས་སྐྱེ་བར་འགྱུར་བའི་མི་རྣམས༌ལ། །ཁོང་གི་དྲང་བདེན་བསྒྲག་ཅིང་འཕྲིན་ལས༌འདི། །ཁོང་གི་མཛད་པ་ཡིན་པར་གསལ་པོར་སྟོན།།