ལེའུ་ཉེར་གསུམ་པ།
མ་འོངས་པའི་རེ་བ།
1 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངའི་རྩྭ་སའི་ལུག་རྣམས་བསད་ནས་ཁ་འཐོར་དུ་གཏོང་བའི་རྫི་བོ་རྣམས་ལ་ཆག་སྒོ་འབྱུང་ཞེས་གསུངས། 2 དེ་བས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་ཁོང་གི་འབངས་མི་འཚོ་སྐྱོང་བྱེད་པའི་རྫི་བོ་རྣམས་ཀྱི་སྐོར་ལ་འདི་སྐད་དུ། ཁྱོད་ཚོས་ངའི་ལུག་ཁྱུ་ཁ་འཐོར་དུ་བཏང་ནས་ཕར་བསྐྲད་ཅིང་དེ་དག་ལ་ལྟ་སྐྱོང་མ་བྱས་པས། ལྟོས་ཤིག བདག་གིས་ཁྱོད་རྣམས་ཀྱི་སྤྱོད་ངན་ལ་ཉེས་ཆད་གཅོད་པར་འགྱུར་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 3 བདག་གིས་དངོས་སུ་རང་གི་ལུག་ཁྱུ་ནས་ལུས་པ་རྣམས་དེད་པའི་ཡུལ་ཀུན་ནས་ཚུར་བསྡུས་ཏེ། དེ་དག་སླར་ཡང་རང་གི་ལུག་རར་ཁྲིད་ནས་རྒྱུད་འཕེལ་བར་བྱེད་དོ། ། 4 ཡང་ངས་རྫི་བོ་རྣམས་བསྐོས་ནས་དེ་དག་འཚོ་སྐྱོང་བྱེད་དུ་འཇུག་པ་དང་། དེ་རྣམས་ལ་འཇིགས་སྣང་དང་དངངས་སྐྲག་ཅི་ཡང་མེད་ལ། གཅིག་ཀྱང་བོར་མི་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 5 ལྟོས་ཤིག ངས་དཱ་བིད་ཀྱི་ཆེད་དུ་དྲང་བདེན་གྱི་མྱུ་གུ་བསྐྱེད་པའི་དུས་དེ་སླེབས་ལ་ཉེ། དེས་རྒྱལ་སྲིད་ཀྱི་དབང་འཛིན་ཞིང་མཁས་པར་སྤྱོད་དེ། ས་གཞིའི་སྟེང་དུ་དྲང་གཞག་དང་དྲང་བདེན་སྤྱོད་པར་འགྱུར། 6 ཁོང་གི་སྐུ་རིང་དུ་ཡ་ཧུ་དཱ་ལ་ཐར་པ་འཐོབ་པར་འགྱུར་ཞིང་། ཡེས་ར་ཨེལ་ཡང་བདེ་བར་གནས་པར་འགྱུར་བས། ཁོང་གི་མཚན་ལ་ཡ་ཝཱེ་ངེད་ཅག་གི་དྲང་བདེན་ཞེས་འབོད་པར་འགྱུར་རོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 7 ལྟོས་ཤིག དུས་དེ་སླེབས་ལ་ཉེའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་ཏེ། མི་རྣམས་ཀྱིས་ཡེས་ར་ཨེལ་པ་རྣམས་ཨེ་ཅིབ་ཡུལ་ནས་ཡར་འདྲེན་མཁན་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་མི་བསྐྱལ་མོད། 8 འོན་ཀྱང་མི་རྣམས་ཀྱིས་ཡེས་ར་ཨེལ་པ་རྣམས་བྱང་ཕྱོགས་ཀྱི་ཡུལ་དང་། ཁོ་རྣམས་སྐྲོད་སའི་རྒྱལ་ཁམས་སོ་སོ་ནས་ཡར་འདྲེན་མཁན་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་གནའ་བསྐྱལ་བར་འགྱུར་རོ། །
ལུང་སྟོན་པ་རྣམས་ལ་ཐ་ཚིག་སྒྲོག་པ།
9 ལུང་སྟོན་པ་རྣམས་གླེང་ན། ངའི་སེམས་རང་གི་ནང་དུ་སྐྱོ་ཞིང་ངའི་རུས་པ་ཐམས་ཅད་འདར་བ་ཡིན། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེ་དང་ཁོང་གི་བཀའ་དམ་པའི་དབང་གིས། ང་ནི་ར་བཟི་བའི་མི་དང་རྒུན་ཆང་བླུད་ནས་བཟི་བར་གྱུར་པའི་མི་དང་འདྲའོ། ། 10 ཡུལ་ཁམས་ཡོངས་སུ་ལོག་གཡེམ་པས་ཁེངས་ཤིང་། དམོད་མོ་ཐེབས་པའི་རྐྱེན་གྱིས་ས་གཞི་ཡང་སྐྱོ་བར་གྱུར་ཏེ། དབེན་སྟོང་གི་རྩྭ་ཡང་སྐམ་མོ། །ཅི་ལ་ཞེ་ན། དེ་དག་གི་སྤྱོད་ལམ་ནི་ངན་པ་ཡིན་ལ། དེ་དག་གི་དབང་ནི་འགྲིག་སར་མ་སྤྱད་དོ། ། 11 ཐ་ན་ལུང་སྟོན་པ་དང་མཆོད་དཔོན་གཉིས་ཀ་ཡང་དད་པ་མེད་དེ། ཐ་ན་ངའི་མཆོད་ཁང་ནང་དུའང་དེ་དག་གི་སྤྱོད་ངན་མཐོང་བྱུང་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 12 དེ་བས་ཁོ་རྣམས་ཀྱི་འགྲོ་ལམ་ནི་མུན་ནག་ཁྲོད་ཀྱི་འདྲེད་ས་དང་འདྲ་ཞིང་། དེ་དག་དེད་ནས་ལམ་དེར་འགྱེལ་བར་འགྱུར། ཅི་ལ་ཞེ་ན། དེ་དག་ལ་ཉེས་ཆད་གཅོད་པའི་ལོ་ཟླའི་ནང་དུ། ངས་དེ་དག་གི་སྟེང་དུ་ཆག་སྒོ་འབྱུང་བར་བྱེད་དོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 13 ངས་སཱ་མར་ཡ་ཡི་ལུང་སྟོན་པའི་ནང་དུ་ཞེན་པ་ལོག་པའི་དོན་མཐོང་པ་སྟེ། དེ་དག་གིས་པཱ་ཨལ་ལ་བརྟེན་ནས་ལུང་བསྟན་པ་དང་། ངའི་འབངས་མི་ཡེས་ར་ཨེལ་ནི་ལོག་ལམ་དུ་བཅུག་གོ ། 14 ངས་ཡེ་རུ་སཱ་ལེམ་གྱི་ལུང་སྟོན་པའི་ནང་དུ་འཇིགས་སུ་རུང་བའི་དོན་མཐོང་སྟེ། དེ་དག་གིས་ལོག་གཡེམ་བྱེད་ཅིང་རྫུན་གྱི་ནང་དུ་སྤྱད་པ་སྤྱོད་པ་དང་། ཡང་ངན་པའི་ལག་པ་བརྟན་པོར་བྱས་ནས་དེ་དག་ལས་སུ་ཞིག་གིས་ཀྱང་རང་གི་སྤྱོད་ངན་མ་དོར་ལ། དེ་ཐམས་ཅད་ངའི་མདུན་དུ་སཱ་དོམ་བཞིན་དང་། ཡེ་རུ་སཱ་ལེམ་གྱི་ཡུལ་མི་རྣམས་ནི་གཱ་མོ་ར་དང་འདྲ་བས། 15 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་ལུང་སྟོན་པ་འདི་རྣམས་ཀྱི་སྐོར་ལ་འདི་སྐད་དུ། ཡེ་རུ་སཱ་ལེམ་གྱི་ལུང་སྟོན་པ་རྣམས་ལས་ཆོས་མིན་གྱི་དོན་བྱུང་ནས་ཡུལ་ཁམས་ཡོངས་སུ་ཁྱབ་པས། ལྟོས་ཤིག ངས་དེ་དག་ལ་ཟས་སུ་མཁན་པ་དང་བཏུང་བར་དུག་ཆུ་སྦྱིན་པར་བྱའོ་ཞེས་གསུངས། 16 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོར་ལུང་བསྟན་སྨྲ་བའི་ལུང་སྟོན་པ་འདི་དག་གི་གཏམ་ལ་མ་མཉན་ཞིག དེ་དག་གིས་ཁྱོད་རྣམས་ལ་རེ་བ་སྟོང་བ་ཡོད་པར་བྱེད་ཅིང་། དེ་དག་གིས་སྨྲས་པའི་ཞལ་གཟིགས་ནི་རང་སེམས་ནས་བྱུང་བ་ལས་དཀོན་མཆོག་ཡ་ཝཱེའི་ཞལ་ནས་བྱུང་བ་མ་ཡིན་ནོ། ། 17 དེ་དག་གིས་བདག་ལ་མཐོང་ཆུང་བྱེད་པའི་མི་ལ་རྒྱུན་ཆད་མེད་པར་འདི་ལྟར། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་རྣམས་ཞི་ཞིང་བདེ་བར་གནས་པ་ཡིན་གསུངས་ཞེས་སྨྲ་ཞིང་། ཡང་རང་གི་སེམས་རྒྱུད་གྱོང་པོ་ལྟར་སྤྱད་པ་སྤྱོད་པ་ཐམས་ཅད་ལ་འདི་ལྟར། ཁྱོད་ལ་ཆག་སྒོ་འབྱུང་མི་སྲིད་ཅེས་སྨྲ་བ་ཡིན་ཞེས་གསུངས་སོ། ། 18 འོན་ཀྱང་ཁོ་རྣམས་ལས་སུ་ཞིག་དཀོན་མཆོག་ཡ་ཝཱེའི་ཚོགས་ལ་ཞུགས་ནས་ཁོང་གི་བཀའ་ལ་མཉན་ཞིང་དེ་རྟོགས་པ་ཡིན་ནམ། སུ་ཞིག་གིས་རྣ་བ་བླགས་ནས་ཁོང་གི་བཀའ་ལ་མཉན་ཞིང་དེ་ཐོས་པ་ཡིན་ནམ། 19 ལྟོས་ཤིག དཀོན་མཆོག་ཡ་ཝཱེའི་ཐུགས་ཁྲོ་ནི་རླུང་དམར་དང་འདྲ་ཞིང་། རླུང་འཚུབ་དྲག་པོ་ཡིན་ཏེ་ངན་པའི་མགོ་ལ་འཁོར་བར་འགྱུར། 20 དཀོན་མཆོག་ཡ་ཝཱེའི་ཐུགས་དགོངས་རྣམས་དངོས་སུ་འགྲུབ་པའི་བར་དུ། ཁོང་གི་ཐུགས་ཁྲོ་ལ་ཞི་བ་མེད་ཅིང་། མཐའ་མའི་ཉིན་མོ་དག་ལ་ཁྱོད་ཅག་གིས་དོན་འདི་ཐམས་ཅད་རྟོགས་པར་འགྱུར་རོ། ། 21 ངས་ལུང་སྟོན་པ་དེ་དག་མ་མངགས་ཀྱང་དེ་རྣམས་རང་རང་གང་སར་བརྒྱུགས་ཤིང་། ངས་དེ་དག་ལ་བཀའ་མ་བསྒོས་ཀྱང་དེ་རྣམས་རང་གིས་ལུང་བསྟན་ནོ། ། 22 ཇི་སྟེ་དེ་རྣམས་ངའི་ཚོགས་ལ་ཞུགས་པ་ཡིན་ན། བདག་གི་བཀའ་རྣམས་ངའི་འབངས་མི་ལ་བསྒྲག་པར་འགྱུར་ཞིང་། དེ་རྣམས་ངན་པའི་ལམ་ནས་བཟློགས་ཏེ་རང་གི་སྤྱོད་ངན་རྣམས་དང་འབྲལ་བར་བྱེད་དོ། ། 23 ང་ནི་ཁྱོད་རྣམས་དང་ཉེ་བའི་དཀོན་མཆོག་ཁོ་ན་ཡིན་ནམ། ཁྱོད་རྣམས་དང་རྒྱང་ཐག་རིང་བའི་དཀོན་མཆོག་ཀྱང་མ་ཡིན་ནམ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 24 ངས་མི་མཐོང་བའི་ཆེད་དུ་མི་ནི་གསང་བའི་གནས་སུ་སྦ་ནུས་སམ། ང་ནི་གནམ་ས་གཉིས་ལ་ཁྱབ་ཡོད་པ་མ་ཡིན་ནམ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 25 ལུང་སྟོན་པ་ཚོས་ངའི་མིང་གཡར་ཏེ་རྫུན་གྱི་ལུང་སྟོན་ཞིང་། དེ་དག་གིས་ངས་རྨི་ལམ་རྨིས་སོང་། ངས་རྨི་ལམ་རྨིས་སོང་ཞེས་སྨྲ་བ་ངས་ཐོས་བྱུང་། 26 ལུང་སྟོན་པ་དེ་དག་གིས་འདི་ལྟར་བསམ་བཞིན་ནམ་དུས་བར་དུ་ལུས་སམ། ཁོ་ཚོས་རྫུན་སྨྲ་ཞིང་སེམས་ལ་གཡོ་སྒྱུས་བཀང་ཡོད་དོ། ། 27 དེ་དག་གིས་ཕན་ཚུན་ལ་རང་གི་རྨི་ལམ་བཤད་ན། ངའི་འབངས་མིའི་མེས་པོ་རྣམས་ཀྱིས་པཱ་ཨལ་གྱི་དབང་གིས་ངའི་མིང་བརྗེད་པ་ནང་བཞིན་དེ་དག་ལའང་ང་རང་བརྗེད་དུ་འཇུག་ནུས་པར་འདོད་པ་རེད། 28 རྨི་ལམ་ཐོབ་པའི་ལུང་སྟོན་པ་ལ་རྨི་ལམ་བཤད་དུ་ཆུག ཡིན་ནའང་ངའི་བཀའ་དང་ལེན་བྱས་ཡོད་པ་དེས་གཞུང་དྲང་སྒོས་ངའི་བཀའ་ཤོད་ཅིག སོག་མ་ནི་གྲོ་དང་བསྡུར་ནུས་སམ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 29 ངའི་བཀའ་ནི་མེ་ལྟར་མ་ཡིན་ནམ། དེ་ནི་ཕ་བོང་སིལ་བུར་གཏོར་བའི་ཐོ་བ་དང་མི་འདྲའམ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 30 དེ་བས་ལྟོས་ཤིག ལུང་སྟོན་པ་དེ་དག་གིས་ཕན་ཚུན་ནས་ཚིག་བརྐུས་ཏེ་ངའི་བཀའ་རུ་བྱས་པས། ང་ནི་དེ་དག་གི་དགྲ་རུ་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 31 ལུང་སྟོན་པ་དེ་དག་གིས་རང་གི་ལྕེ་ཡིས་འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པ་ཡིན་ཞེས་ཟེར་ཞིང་། ལྟོས་ཤིག ང་ནི་དེ་དག་གི་དགྲ་རུ་འགྱུར་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 32 ལྟོས་ཤིག ང་ནི་རྨི་ལམ་རྫུན་མར་བརྟེན་ནས་ལུང་སྟོན་ཁུལ་བྱེད་པ་དེ་དག་གི་དགྲ་རུ་འགྱུར། ཁོ་ཚོས་རྨི་ལམ་དེ་དག་སྨྲས་ནས་རྫུན་དང་འུར་ཤོབ་ཀྱིས་ངའི་འབངས་མི་ལོག་ལམ་དུ་དྲངས་པ་ཡིན། ངས་ཁོ་རྣམས་མ་མངགས་ལ་དེ་དག་ལ་བཀའ་ཡང་མ་བསྒོས། དེ་དག་ནི་མི་འདི་རྣམས་ལ་ཕན་ཐོགས་ཅི་ཡང་མེད་ཅེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། །
33 མི་འདི་རྣམས་དང་ཡང་ན་ལུང་སྟོན་པའམ། མཆོད་དཔོན་བཅས་ལས་སུ་ཞིག་གིས་ཁྱོད་ལ། དཀོན་མཆོག་ཡ་ཝཱེ་ནས་བཀའ་ལུང་ཅི་ཞིག་ཡོད་དམ་ཞེས་དྲིས་ན། ཁྱོད་ཀྱིས་དེ་དག་ལ་ལན་དུ། བཀའ་ལུང་ཅི་ཡོད། ངས་ཁྱོད་བསྐྱུར་བར་བྱའོ་ཞེས་ཤོད་ཅིག་ཅེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 34 ཡང་ལུང་སྟོན་པ་དང་ཡང་ན་མཆོད་དཔོན་ནམ། མི་རྣམས་ལས་སུ་ཞིག་གིས་འདི་ནི་དཀོན་མཆོག་ཡ་ཝཱེའི་བཀའ་ལུང་ཡིན་ཞེས་སྨྲ་བ་ཡོད་ན། ངས་མི་དེ་དང་དེའི་ཁྱིམ་ལ་ཉེས་ཆད་གཅོད་དགོས། 35 ཁྱོད་རྣམས་ཀྱིས་རང་རང་གི་ཁྱིམ་མཚེས་དང་སྤུན་ཟླ་རྣམས་ལ་འདི་ལྟར། དཀོན་མཆོག་ཡ་ཝཱེས་བཀའ་ལན་ཅི་གནང་བྱུང་ངམ། དཀོན་མཆོག་ཡ་ཝཱེས་ཅི་གསུང་ངམ་ཞེས་དྲིས་ཤིག 36 ཁྱོད་རྣམས་ཀྱིས་ད་ནས་བཟུང་དཀོན་མཆོག་ཡ་ཝཱེའི་བཀའ་ལུང་ཞེས་མ་གླེང་ཞིག ཅི་ལ་ཞེ་ན། མི་རེ་རེས་སྨྲས་པའི་གཏམ་ནི་རང་རང་གི་བཀའ་ལུང་དུ་འགྱུར་ཏེ། ཁྱོད་རྣམས་ཀྱིས་གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག་དང་། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ང་ཚོའི་དཀོན་མཆོག་གི་བཀའ་ལོག་བཤད་བྱས་པས་སོ། ། 37 ཁྱོད་རྣམས་ཀྱིས་དཀོན་མཆོག་གི་ལུང་སྟོན་པ་ལ་འདི་ལྟར། དཀོན་མཆོག་ཡ་ཝཱེས་ཁྱོད་ལ་བཀའ་ལན་ཅི་གནང་བྱུང་ངམ། དཀོན་མཆོག་ཡ་ཝཱེས་ཅི་གསུང་ངམ་ཞེས་དྲིས་ཤིག 38 ཇི་སྟེ་ཁྱོད་ཅག་གིས་འདི་ནི་དཀོན་མཆོག་ཡ་ཝཱེའི་བཀའ་ལུང་ཡིན་ཞེས་སྨྲས་ན། དཀོན་མཆོག་ཡ་ཝཱེས་ངེས་པར་འདི་སྐད་དུ། ངས་སྔོན་ཆད་མི་མངགས་ནས་ཁྱོད་རྣམས་ལ་ད་ནས་བཟུང་འདི་ནི་དཀོན་མཆོག་ཡ་ཝཱེའི་བཀའ་ལུང་ཡིན་ཞེས་མ་ཟེར་ཞིག་ཅེས་འཕྲིན་བཏང་ཡང་། ཁྱོད་རྣམས་ཀྱིས་འདི་ནི་དཀོན་མཆོག་ཡ་ཝཱེའི་བཀའ་ལུང་ཡིན་ཞེས་སྨྲས་པས་ན། 39 ལྟོས་ཤིག ངས་ཁྱོད་རྣམས་བརྗེད་པར་འགྱུར་ཏེ། ཁྱོད་རྣམས་ནི་ངས་ཁྱོད་ཅག་དང་ཁྱོད་ཅག་གི་མེས་པོ་རྣམས་ལ་གནང་བའི་གྲོང་ཁྱེར་དང་བཅས་ངའི་མདུན་ནས་འདོར་བར་འགྱུར། 40 ཡང་ངས་ཁྱོད་ཅག་ལ་དུས་གཏན་གྱི་བརྙས་བཅོས་དང་། དུས་ནམ་ཡང་བརྗེད་པར་མི་འགྱུར་བའི་ངོ་ཚ་འབབ་པར་བྱའོ་ཞེས་གསུང་ངེས་ཡིན།