ལེའུ་ཉེར་བཞི་པ།
ཁ་ཆད་དོར་བས་ཉེས་ཆད་ཕོག་པ།
ལྟོས་དང་། དཀོན་མཆོག་ཡ་ཝཱེས་ས་གཞི་སྟོངས་ཤིང་སྟོང་བར་མཛད་དེ། ཁོང་གིས་ས་སྟེང་བསློགས་ཤིང་དེའི་ཡུལ་མི་རྣམས་ཕྱོགས་སོ་སོར་གཏོར་བ་དང་། འབངས་དང་མཆོད་དཔོན། གཡོག་པོ་དང་བདག་པོ། གཡོག་མོ་དང་བདག་མོ། ཉོ་མཁན་དང་འཚོང་མཁན། སྐྱི་མཁན་དང་གཡོར་མཁན། སྐྱེད་མཁན་དང་སྐྱེད་འཇལ་མཁན་ཐམས་ཅད་གཏོར་བར་འགྱུར། ས་གཞི་རྩ་བ་ནས་སྟོང་བར་གྱུར་ཏེ་ཡོངས་སུ་མེད་པར་འགྱུར་ཞེས་བཀའ་འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། ས་གཞི་སྐམ་ནས་ཉམས་རྒུད་དུ་འགྲོ་ཞིང་། དེའི་སྟེང་གི་མཐོ་སར་བཞུགས་པའི་ཁེངས་དྲེགས་ཅན་རྣམས་ཀྱང་ཉམས་པར་འགྱུར། ཡུལ་མི་རྣམས་ཀྱིས་བཀའ་ཁྲིམས་མ་བརྩིས་ཤིང་། སྲོལ་ཡིག་དང་འགལ་ནས་དུས་གཏན་གྱི་ཁ་ཆད་དོར་བས། ས་གཞི་ནི་དེའི་སྟེང་གི་ཡུལ་མིས་སྦགས་པ་ཡིན། དེ་བས་ས་གཞི་ལ་དམོད་མོ་ཐེབས་ཏེ་རྩ་མེད་དུ་གཏོང་ཞིང་། དེར་གནས་པའི་ཡུལ་མི་ཚོས་ཉེས་ཆེད་འཁུར་བར་འགྱུར། དེ་བས་ས་སྟེང་གི་ཡུལ་མི་རྣམས་བསྲེག་པར་འགྱུར་ལ། ཤུལ་དུ་ལུས་པ་ཤིན་ཏུ་ཉུང་། རྒུན་ཆང་སྐྱོ་ཞིང་རྒུན་ཤིང་རྒུད་པ་དང་། སྐྱིད་སྣང་ཅན་གྱིས་ཤུགས་རིང་འབྱིན། སིལ་རྔ་རྡུང་བའི་དགའ་སྤྲོ་མཚམས་ཆད་ཅིང་། དགའ་སྟོན་ལ་རོལ་བའི་འདུ་འཛི་ཁུ་སིམ་པོར་གྱུར་ལ། པི་ཝང་དཀྲོལ་བའི་དགའ་སྤྲོ་མཚམས་ཆད་དོ། ། དེ་དག་གིས་ཡང་བསྐྱར་ཆང་འཐུང་ནས་གླུ་ལེན་པར་མི་འགྱུར་ཞིང་། ཆང་གར་པོ་འཐུང་མཁན་རྣམས་ཀྱང་སྤྲོ་བར་མི་འགྱུར་རོ། ། 10 སྟོངས་ཤིང་གོ་རིམ་མེད་པའི་གྲོང་ཁྱེར་ནི་གཏོར་ནས་བརླག་པ་དང་། ཁྱིམ་ཚང་རེ་རེས་སྒོ་བརྒྱབ་ནས་ནང་དུ་འགྲོ་མི་ཐུབ་པར་བྱས། 11 ཆང་མེད་པས་མི་ལ་ལས་རྒྱ་སྲང་ནས་སྡིག་སྐད་བཏོན། དགའ་སྤྲོ་ཡོད་ཚད་མེད་པར་གྱུར། ས་གཞིའི་དགའ་སྤྲོ་ཡལ་བར་གྱུར། 12 གྲོང་ཁྱེར་ནི་དབེན་སྟོང་དུ་གྱུར་ཏེ་མཁར་སྒོ་རྣམས་བརྡུངས་ནས་བཤིགས། 13 ས་གཞིའི་མི་ཀུན་སྐྱུ་རུ་ར་ཡི་སྡོང་པོ་སྒུལ་བ་བཞིན་དང་། བཏོགས་ཚར་བའི་རྒུན་འབྲུམ་ཤིང་ལྟར་མང་པོ་ལུས་མེད་དོ། ། 14 ཤུལ་ལུས་རྣམས་ཀྱིས་དགའ་འབོད་བྱེད་ཅིང་། ནུབ་ཕྱོགས་པ་ཡིས་དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་སྒྲོག 15 ཤར་ཕྱོགས་པས་དཀོན་མཆོག་ཡ་ཝཱེའི་གཟི་བརྗིད་མངོན་ཏེ། མཚོ་རྒྱུད་ཀྱི་གླིང་ཕྲན་རྣམས་སུ་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་མཚན་ལ་བསྟོད་པར་བྱའོ། ། 16 ང་ཚོས་ས་གཞིའི་མཐའ་ནས་གཟི་བརྗིད་དྲང་བདེན་ཅན་ལ་འབུལ་ཞེས་པའི་གླུ་སྐད་ཐོས་ཡོང་། ཡིན་ནའང་ངས་བདག་ནི་ཚར་རོ། །བདག་ནི་ཚར་རོ། །བདག་ལ་ཆག་སྒོ་འབྱུང་ངོ་། །གང་ལ་ཞེ་ན། གཡོ་སྒྱུ་སྤྱོད་མཁན་གྱིས་གཡོ་སྒྱུ་སྤྱོད་ཅིང་། གཡོ་སྒྱུ་སྤྱོད་མཁན་གྱིས་གཡོ་སྒྱུ་ཆེ་རུ་སྤྱོད་དོ་ཞེས་སྨྲས་སོ། ། 17 ཀྱེ་ས་གཞིའི་ཡུལ་མི་རྣམས། འཇིགས་སྐྲག་དང་ས་དོང་། རྒྱ་རྙི་བཅས་ཀྱིས་ཁྱོད་ལ་བསྒུགས་ཡོད། 18 འཇིགས་སྐྲག་གི་སྐད་ལས་འབྲོ་མཁན་རྣམས་དོང་ནང་དུ་ལྷུང་ཞིང་། དོང་ནས་ཡར་འགོས་པ་རྣམས་རྙི་ལ་ཚུད་པར་འགྱུར། ཅིའི་ཕྱིར་ཞེ་ན། ནམ་མཁའི་སྒེའུ་ཁུང་རྣམས་ཕྱེས་ནས་ས་གཞིའི་རྩ་བ་འདར། 19 ས་གཞི་ཡོངས་སུ་བརྡིབས་ཏེ་གས་པ་དང་། ས་རབ་ཏུ་གཡོས། 20 ས་གཞི་ནི་ཆང་གིས་བཟི་བའི་མི་བཞིན་ཡར་མར་འཁྱོར་ཞིང་། སྤྱིལ་བུ་དང་འདྲ་བར་གཡོས་ཏེ། ས་གཞི་ནི་རང་སྟེང་གི་ཉེས་ཆད་ཀྱིས་མནན་ཞིང་། ཐ་ན་བརྡིབས་ནས་ཡར་ལངས་མི་ནུས། 21 ཉིན་མོ་དེར། དཀོན་མཆོག་ཡ་ཝཱེས་མཐོ་དབྱིངས་སུ་ནམ་མཁའི་དཔུང་ཚོགས་དག་ལ་ཉེས་ཆད་གཅོད་ཅིང་། ས་སྟེང་གི་རྒྱལ་པོ་རྣམས་ལ་ཆད་པ་གཅོད་པར་འགྱུར། 22 དེ་དག་བཙོན་པ་རྣམས་མུན་དོང་དུ་བསྡུས་པ་བཞིན་དུ་བསྡུ་བར་འགྱུར་ཞིང་། དེ་དག་བཙོན་ཁང་དུ་བཅུག་སྟེ་ཉིན་མང་པོའི་རྗེས་སུ་ཉེས་ཆད་གཅོད་ངེས། 23 དུས་དེར་ཟླ་བ་སྐྱེངས་ཤིང་ཉི་མའང་ནོངས་པར་འགྱུར། གང་ལ་ཞེ་ན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་རི་བོ་ཛ་ཡན་དང་ཡེ་རུ་སཱ་ལེམ་དུ་རྒྱལ་པོར་འགྱུར་ཞིང་། ཁོང་གི་རྒན་པོ་རྣམས་ཀྱི་མདུན་དུ་གཟི་བརྗིད་ཆེན་པོ་ཡོད།