ལེའུ་བཅུ་བཞི་པ།
ལུ་གུ་དང་མི་གྲངས་ཆིག་འབུམ་བཞི་ཁྲི་བཞི་སྟོང་།
1 ཡང་བདག་གིས་ཕར་བལྟས་པ་ལ། ལྟོས་དང་། ལུ་གུ་རི་བོ་ཛ་ཡན་སྟེང་དུ་འགྲེང་འདུག་པ་མཐོང་ཞིང་། ཁོང་དང་ལྷན་དུ་མི་གྲངས་ཆིག་འབུམ་བཞི་ཁྲི་བཞི་སྟོང་ཡོད་ལ། དེ་ཐམས་ཅད་ཀྱི་དཔྲལ་བའི་སྟེང་དུ་ཁོང་གི་མཚན་དང་ཁོང་གི་ཡབ་ཀྱི་མཚན་བཀོད་ཡོད་དོ།། 2 ཡང་ནམ་མཁའི་ཞིང་ཁམས་ནས་ཆུ་མང་པོའི་སྒྲ་དང་འབྲུག་སྒྲ་ལྡིར་བ་ལྟ་བུའི་སྒྲ་གྲགས་པ་བདག་གིས་ཐོས་ཤིང་། སྒྲ་དེ་ནི་རོལ་མོ་པ་རྣམས་ཀྱིས་དཀྲོལ་བའི་རྒྱུད་མངས་ཀྱི་དབྱངས་དང་མཚུངས་སོ།། 3 དེ་རྣམས་ཀྱིས་བཞུགས་ཁྲི་དང་། སེམས་ཅན་བཞི་པོ། རྒན་པོ་བཅས་ཀྱི་དྲུང་དུ་བསྟོད་དབྱངས་གསར་པ་ཕུལ་ཞིང་། ས་སྟེང་ནས་བླུས་པའི་མི་གྲངས་ཆིག་འབུམ་བཞི་ཁྲི་བཞི་སྟོང་ལས་གཞན། བསྟོད་དབྱངས་གསར་པ་འདི་སློབ་ཐུབ་མཁན་མེད། 4 མི་དེ་རྣམས་ནི་བུད་མེད་དང་འགྲོགས་མ་མྱོང་བའི་སྐྱེས་པ་གཙང་མ་ཡིན་ལ། ལུ་གུ་གང་དུ་ཕེབས་ན་དེ་རྣམས་ཀྱང་ཁོང་གི་རྗེས་སུ་འབྲངས་པའོ།། ཁོ་ཚོ་ནི་མི་རྣམས་ལས་བླུས་ཤིང་འབྲས་བུ་ཐོག་མ་སྨིན་པ་ལྟར་དཀོན་མཆོག་དང་ལུ་གུ་ལ་ཕུལ་བ་དང་། 5 དེ་རྣམས་ཀྱི་ངག་ལས་རྫུན་མི་རྙེད་ཅིང་། དེ་རྣམས་ལ་སྐྱོན་གྱི་དྲི་མས་མ་གོས་པའོ།།
ཕོ་ཉ་གསུམ་གྱི་སྐོར།
6 ཡང་བདག་གིས་ཕོ་ཉ་གཞན་ཞིག་བར་སྣང་དུ་འཕུར་བ་མཐོང་ཞིང་། མི་རིགས་སོ་སོ་དང་ཚོ་པ་སོ་སོ། སྐད་རིགས་སོ་སོ། མི་སྡེ་སོ་སོ་བཅས་ས་སྟེང་དུ་སྡོད་པའི་མི་རྣམས་ལ་སྒྲོག་ཕྱིར་མཐའ་མེད་པའི་འཕྲིན་བཟང་ཡོད་དེ། 7 ཁོང་གིས་སྐད་ཆེན་པོས་འདི་སྐད་དུ། དཀོན་མཆོག་གིས་ལེགས་ཉེས་ཀྱི་ཁྲིམས་ཐག་གཅོད་པའི་དུས་ནི་སླེབས་ཟིན་པས། ཁོང་ཉིད་ལ་འཇིགས་ཤིང་བསྟོད་པར་བྱའོ།། ནམ་མཁའ་དང་ས་གཞི། རྒྱ་མཚོ་དང་ཆུ་མིག་བཅས་འགོད་མཁན་ཁོང་ཉིད་ལ་བསྟོད་བསྔགས་བརྗོད་པར་གྱིས་ཞེས་གསུངས་སོ།།
8 ཡང་ཕོ་ཉ་གཉིས་པས་མུ་མཐུད་ནས་འདི་སྐད་དུ། རྒྱལ་ཁབ་ཐམས་ཅད་ལ་ལོག་གཡེམ་དང་འདོད་ཆགས་ཀྱི་རྒུན་ཆང་འཐུང་དུ་བཅུག་པའི་པཱ་པེལ་ལོན་ཆེན་པོ་དེ་ནི་འཇིག་སོང་ངོ་།། འཇིག་སོང་ངོ་ཞེས་གསུངས་སོ།།
9 ཡང་ཕོ་ཉ་གསུམ་པས་དེ་གཉིས་ཀྱི་མུ་མཐུད་ནས་སྐད་ཆེན་པོས་འདི་སྐད་དུ། གལ་ཏེ་སུ་ཞིག་གིས་གཅན་གཟན་དང་གཅན་གཟན་གྱི་གཟུགས་བརྙན་ལ་ཕྱག་འཚལ་བ་དང་། དཔྲལ་བའམ་ལག་པའི་སྟེང་དུ་རྟགས་བརྒྱབ་ཡོད་ན། 10 མི་དེས་ཀྱང་དཀོན་མཆོག་གི་ཐུགས་ཁྲོའི་རྒུན་ཆང་འཐུང་བར་འགྱུར་ཏེ། རྒུན་ཆང་དེ་ནི་དཀོན་མཆོག་གི་ཐུགས་ཁྲོའི་ཕོར་བ་ནང་དུ་བླུགས་ཡོད་པའི་ལྷད་མེད་རྒུན་ཆང་ཡིན། ཕོ་ཉ་དམ་པ་རྣམས་དང་ལུ་གུའི་དྲུང་དུ། མི་དེས་མེ་དང་མུ་ཟིའི་ཁྲོད་ནས་མནར་གཅོད་མྱོང་བར་འགྱུར་རོ།། 11 མི་དེ་རྣམས་ཀྱིས་མནར་གཅོད་མྱོང་བའི་དུ་བ་ནི་ཇི་སྲིད་བར་དུ་དགུང་ལ་འཕྱུར་ཞིང༌། གཅན་གཟན་དང་གཅན་གཟན་གྱི་གཟུགས་བརྙན་ལ་ཕྱག་འཚལ་བ་དང་། གཅན་གཟན་གྱི་མིང་གི་རྟགས་བརྒྱབ་ཡོད་པ་རྣམས་ལ་ཉིན་མཚན་ཀུན་ཏུ་བདེ་བ་མེད་ཅེས་གསུངས་སོ།། 12 འདི་ནི་དད་ལྡན་དམ་པ་རྣམས་ཀྱི་བཟོད་བསྲན་ཡིན་ཏེ། ཁོ་རྣམས་ནི་དཀོན་མཆོག་གི་བཀའ་རྣམས་དང་སྐྱབས་མགོན་ཡེ་ཤུ་ལ་བཅངས་པའི་དད་པ་སྲུང་མཁན་ཡིན་ནོ།།
13 ནམ་མཁའི་ཞིང་ཁམས་ནས་སྐད་སྒྲ་ཞིག་གིས་འདི་སྐད་དུ། དུས་ད་ནས་བཟུང་། གཙོ་བོའི་ནང་དུ་ཚེ་ལས་འདས་པ་རྣམས་བདེའོ་ཞེས་ཁྱོད་ཀྱིས་ཡི་གེར་འགོད་པར་གྱིས་ཤིག་ཅེས་གསུངས་པ་བདག་གིས་ཐོས་སོ༎ དམ་པའི་ཐུགས་ཉིད་ཀྱིས་འདི་སྐད་དུ། ལགས་སོ༎ ཁོ་རྣམས་རང་གི་ངལ་དུབ་ལས་ངལ་གསོ་བར་ངེས་ཤིང་། རྩོལ་བའི་འབྲས་བུ་ཡང་ཁོ་རྣམས་དང་ལྷན་དུ་ཡོད་ཅེས་གསུངས་སོ།།
ས་སྟེང་གི་སྟོན་ལས་སྐོར།
14 ཡང་བདག་གིས་ཕར་བལྟས་པ་ན། ལྟོས་དང་། སྤྲིན་དཀར་ཞིག་དང་སྤྲིན་གྱི་བང་རིམ་དུ་མིའི་བུ་དང་མཚུངས་པ་ཞིག་བཞུགས་པ་མཐོང་ཞིང་། ཁོང་གི་དབུ་ལ་གསེར་གྱི་ཅོད་པན་མནབས་ཤིང་ཕྱག་ཏུ་ཟོར་བ་རྣོན་པོ་ཐོགས་ཡོད། 15 ཡང་ཕོ་ཉ་གཞན་ཞིག་མཆོད་ཁང་ནས་ཐོན་ཏེ་སྤྲིན་གྱི་བང་རིམ་དུ་བཞུགས་མཁན་དེ་ཉིད་ལ་སྐད་ཆེན་པོས་འདི་སྐད་དུ། སྟོན་བསྡུ་བའི་དུས་ལ་སླེབས་ཤིང་ས་སྟེང་གི་ལོ་ཏོག་སྨིན་ཟིན་པས། ཁྱེད་ཀྱིས་ཟོར་བ་བསྲིངས་ནས་སྟོན་བསྡུ་བར་མཛོད་ཅེས་ཞུས་པ་ལ། 16 སྤྲིན་གྱི་བང་རིམ་དུ་བཞུགས་མཁན་དེ་ཉིད་ཀྱིས་ཟོར་བ་ས་སྟེང་དུ་གཡུགས་ཏེ་ས་སྟེང་གི་སྟོན་བསྡུ་བར་མཛད་དོ།།
17 ཡང་ཕོ་ཉ་གཞན་ཞིག་ནམ་མཁའི་ཞིང་ཁམས་ཀྱི་མཆོད་ཁང་ནས་ཐོན་ཞིང་། ཕྱག་ཏུ་ཡང་ཟོར་བ་རྣོན་པོ་ཐོགས་ཡོད་དོ།། 18 ཡང་ཕོ་ཉ་གཞན་ཞིག་མཆོད་ཁྲི་ལས་ཐོན་ཞིང་། དེ་ནི་མེ་ལ་དབང་སྒྱུར་མཁན་ཡིན་ལ། དེས་ཟོར་བ་རྣོན་པོ་འཛིན་མཁན་དེ་ལ་སྐད་ཆེན་པོས་འདི་སྐད་དུ། ས་སྟེང་གི་རྒུན་འབྲུམ་སྨིན་ཟིན་པས་ཟོར་བ་རྣོན་པོ་སྲོངས་ལ་རྒུན་འབྲུམ་ཤིང་གི་འབྲས་བུ་སྡུས་ཤིག་ཅེས་སྨྲས་པ་ན། 19 ཕོ་ཉས་ཟོར་བ་ས་སྟེང་དུ་གཡུགས་ཏེ་ས་སྟེང་གི་རྒུན་འབྲུམ་བསྡུས་ཤིང་། དཀོན་མཆོག་གི་ཐུགས་ཁྲོའི་རྒུན་འབྲུམ་འཚིར་གཞོང་ཆེན་པོ་ནང་དུ་གཡུགས་སོ།། 20 གྲོང་ཁྱེར་ཕྱི་རོལ་ཏུ་ཡོད་པའི་རྒུན་འབྲུམ་འཚིར་གཞོང་གི་ནང་དུ་རྒུན་འབྲུམ་རྡོག་བརྫིས་བཏང་བས། གཞོང་བ་ལས་ཁྲག་བཞུར་ཏེ་མཐོ་ཚད་རྟའི་སྲབ་ལ་ཐུག་པ་དང་། རིང་ཚད་རྒྱང་གྲགས་ཆིག་སྟོང་དྲུག་བརྒྱ་ཙམ་དུ་སླེབས་སོ།།