གསུང་མགུར་རེ་བརྒྱད༌པ།
རྣམ་པར་རྒྱལ་བའི་མགུར་མ།
1 ༼དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ དཀོན་མཆོག་བཞེངས་ནས་དགྲ་རྣམས་འཐོར་བར༌ཤོག །ཁོང་ལ་སྡང་མཁན་ཁོང་ནས་འབྲོ་གྱུར༌ཅིག། 2 དུ་བ་རླུང་གིས་ཁྱེར་བ་ནང་བཞིན༌དུ། །དེ་རྣམས་ཁྱེད་ཀྱིས་ཕྱོགས་བཞིར་སྐྲོད་པར༌ཤོག །སྤྲ་ཚིལ་མེ་དང་ཕྲད་ན་བཞུ་བ༌ལྟར། །མི་ངན་དཀོན་མཆོག་དྲུང་དུ་ཡལ་གྱུར༌ཅིག། 3 འོན་ཀྱང་དྲང་བདེན་མི་རྣམས་དཀོན་མཆོག༌དྲུང༌། །དགའ་བ་འབུམ་གྱིས་མཉེས་ཤིང་སྤྲོ་བར༌ཤོག། 4 དཀོན་མཆོག་ཁོང་ལ་མགུར་གླུ་ལེན་པར༌གྱིས། །ཁོང་གི་མཚན་ལ་བསྟོད་དབྱངས་འབུལ་བར༌གྱིས། །སྤྲིན་པར་བཅིབས་ནས་ཕེབས་མཁན་བསྟོད་པས་འདེགས། །ཁོང་གི་མཚན་ལ་ཡ་ཝཱེ་ཞེས་ཞུ༌ཞིང༌། །ཁྱོད་རྣམས་ཁོང་གི་དྲུང་དུ་དགའ་བར༌གྱིས།། 5 དཀོན་མཆོག་ཉིད་ཀྱི་བཞུགས་གནས་དམ་པ༌རུ། །དྭ་ཕྲུག་རྣམས་ཀྱི་ཡབ་དང་ཡུགས་མོ༌ཡི། །དཀར་འདོན་མཁན་ནི་ཁོང་ཉིད་ཡིན་ལགས༌སོ།། 6 ཁོང་གིས་ཁེར་རྐྱང་ལ་ནི་ཁྱིམ་གཞིས༌གནང༌། །བཙོན་པ་བསྒྲལ་ནས་དར་རྒྱས་ཡུལ་དུ༌ཁྲིད། །གྱེན་ལོག་འབའ་ཞིག་ཐན་པའི་གནས་སུ༌ལུས།། 7 ཀྱེ་ཀྱེ་དཀོན་མཆོག་ཁྱེད་ཀྱིས་འབངས་མི༌རྣམས། །ཕྱི་རུ་ཁྲིད་ནས་དབེན་སྟོང་བརྒྱུད་དུས༌སུ།།༼ སེ༌ལཱ། ༽ 8 ས་ནི་གཡོས་ཤིང་ཆར་ཡང་ཁྱེད་དྲུང༌བརྡིབས། །ཡེས་ར་ཨེལ་གྱི་དཀོན་མཆོག་མདུན་དྲུང༌དུ། །སི་ནཱ་རི་བོ་ཡང་ནི་གཡོས༌པ་འོ།། 9 དཀོན་མཆོག་ཁྱེད་ཀྱིས་ཆར་ཆེན་འབབ་མཛད༌དེ། །ཉམས་ཤིང་རྒུད་པའི་ནོར་སྐལ་གསོ་བར༌མཛད།། 10 ཁྱེད་ཀྱི་མི་རྣམས་ཡུལ་དེར་གནས་པ༌ཡིན། །ཀྱེ་ཀྱེ་དཀོན་མཆོག་ཁྱེད་ནི་ཤིན་ཏུ༌བཟང༌། །དབུལ་ཕོངས་རྣམས་ཀྱི་དོན་དུ་གྲ་སྒྲིག༌མཛད།། 11 གཙོ་བོ་ལགས་ཀྱིས་བཀའ་གསུང་གནང་བ༌དང༌། །འཕྲིན་བཟང་སྒྲོག་པའི་བུད་མེད་ཚོགས་སུ༌གྲུབ།། 12 དམག་དཔུང་རྣམས་ཀྱི་རྒྱལ་པོ་བྲོས་པ༌དང༌། །ཁྱིམ་པ་བུད་མེད་རྣམས་ཀྱིས་བཅོམ་ནོར༌བགོ། 13 ཁྱོད་རྣམས་ལུག་རའི་ནང་དུ་ཉལ་བའི༌དུས། །ཕུག་རོན་འདབ་གཤོག་དངུལ་གྱིས་བཏུམས་པ༌དང༌། །བྱ་སྒྲོ་སེར་པོ་གསེར་གྱིས་བྱུགས་འདྲ༌ཡིན།། 14 ཀུན་དབང་ཉིད་ཀྱིས་རྒྱལ་པོ་རྣམས་གཏོར༌དུས། །ཙལ་མོན་རི་ལ་ཁ་བ་བབས་འདྲ༌ཡིན།། 15 རི་བོ་པཱ་ཤན་ལྷ་རྣམས་གནས་རི༌ཡིན། །རི་བོ་པཱ་ཤན་རི་རྩེ་མང་པོ༌ཅན།། 16 ཀྱེ་ཀྱེ་རྩེ་མོ་མང་བའི་རི་བོ༌ལགས། །དཀོན་མཆོག་བཞུགས་པར་མཉེས་པའི་རི་བོ༌ལ། །ཁྱོད་རྣམས་སྡང་མིག་བགྲད་དོན་ཅི་ཡིན༌ནམ། །ཡ་ཝཱེ་རྒྱུན་ནས་རྒྱུན་དུ་དེར་བཞུགས༌འོང༌།། 17 དཀོན་མཆོག་ཤིང་རྟ་ཁྲི་ཁྲི་འབུམ་འབུམ༌ཡོད། །རི་བོ་དམ་པ་སི་ནཱར་བཞུགས་བཞིན༌དུ། །གཙོ་བོ་དེ་དག་ཁྲོད་དུ་བཞུགས་པ༌ཡིན།། 18 ཁྱེད་ཉིད་ནམ་མཁར་འཕགས་ཤིང་བཙོན་པ༌ཁྲིད། །དཀོན་མཆོག་ཡ་ཝཱེ་མི་མཉམ་བཞུགས་པའི༌ཕྱིར། །མི་དང་གཉའ་རེངས་ལས་ཀྱང་ལག་རྟགས༌བཞེས།། 19 ཉིན་རེར་རང་ཅག་ཁུར་བོ་འཁུར་བ༌ཡི། །བདག་ཅག་སྐྱོབ་པར་མཛད་པའི་དཀོན་མཆོག༌སྟེ། །གཙོ་བོ་ཁོང་ཉིད་བསྟོད་པར་འོས་སོ༌ལོ།།༼ སེ༌ལཱ། ༽ 20 རང་རེའི་དཀོན་མཆོག་སྒྲོལ་མཛད་དཀོན་མཆོག༌ཡིན། །འཆི་ལས་ཐར་བ་གཙོ་བོ་ཡ་ཝཱེར་རག། 21 དཀོན་མཆོག་ཉིད་ཀྱིས་དགྲ་བོའི་མགོ་བོ༌སྟེ། །རྒྱུན་ཆད་མེད་པར་སྡིག་པ་བྱེད་པ༌ཡི། །མི་རྣམས་སྤྱི་བོ་དུམ་བུར་གཅོག་པར༌འགྱུར།། 22 ཞབས་ཟུང་དེ་རྣམས་ཁྲག་ནང་བརྡབ་པ༌དང༌། །དགྲ་རྣམས་ཁྲག་ནི་ཁྱི་ཡིས་བལྡག་པའི༌ཕྱིར།། 23 གཙོ་བོས་འདི་སྐད་གསུངས་ཏེ་བདག་གིས༌ནི། །ཁོ་རྣམས་པཱ་ཤན་ཡུལ་ནས་ཕྱིར་འཁྲིད༌འོང༌། །རྒྱ་མཚོའི་གཏིང་ནས་བདག་གིས་ཕྱིར་འདོན༌འོང༌།། 24 དཀོན་མཆོག་མི་ཚོས་ཁྱེད་ཀྱི་བསྟར་ཕྲེང༌མཇལ། །ང་ཡི་དཀོན་མཆོག་ང་ཡི་རྒྱལ་པོ༌ཡི། །བསྟར་ཕྲེང་གནས་མཆོག་ནང་དུ་འབྱོན་པ༌མཇལ།། 25 གླུ་བ་རྣམས་ནི་མདུན་དུ་སྐྱོད་པ༌དང༌། །རོལ་མོ་པ་རྣམས་དེ་དག་རྗེས་སུ༌འབྲངས། །དེའི་ཁྲོད་སིལ་རྔ་རྡུང་བའི་བུ་མོ༌མཆིས།། 26 ཁྱོད་ཚོས་ཚོགས་ཆེན་དཀྱིལ་དུ་དཀོན་མཆོག༌བསྟོད། །ཀྱེ་ཀྱེ་ཡེས་ར་ཨེལ་གྱི་བུ་རྒྱུད༌རྣམས། །ཁྱོད་ཚོས་ཡ་ཝཱེ་ཁོང་ལ་བསྟོད་བསྔགས༌བརྗོད།། 27 དེ་རྣམས་རྗེ་བོ་ཚོ་ཆུང་པེན་ཡཱ༌མེན། །ཡ་ཧུ་དཱ་ཡི་འགོ་དཔོན་ཁྱུ་ཚོགས༌ཡོད། །ཟེ་བུ་ལུན་དང་ནཱབ་ཐ་ལི་ཡི༌ནི། །འགོ་དཔོན་རྣམས་ཀྱང་དེ་རུ་ཡོད༌པ་འོ།། 28 ཀྱེ་ཀྱེ་དཀོན་མཆོག་ནུས་མཐུ་མངོན་པར༌མཛོད། །ང་ཚོར་མཛད་པའི་དོན་རྣམས་བརྟན་པོར༌མཛོད།། 29 ཡེ་རུ་སཱ་ལེམ་ཡུལ་དུ་གནས་པ༌ཡི། །ཁྱེད་ཀྱི་མཆོད་ཁང་ཕྱིར་དུ་རྒྱལ་པོ༌རྣམས། །ཕྱག་རྟེན་ཁྱེར་ནས་ཁྱེད་ལ་འབུལ་བར༌འགྱུར།། 30 ཁྱེད་ཀྱིས་འདམ་རྩྭའི་ཁྲོད་ཀྱི་གཅན་གཟན་དང༌། །གླང་གི་ཁྱུ་དང་མི་སྡེའི་བ་ཕྲུག༌རྣམས * འདིར་འདམ་རྩྭའི་ཁྲོད་ཀྱི་གཅན་གཟན་ཞེས་པ་ཨེ་ཅིབ༌དང༌། གླང་གི་ཁྱུ་ཞེས་པ་ཨེ་ཅིབ་ཀྱི་སྐུ་དྲག་རྣམས༌དང༌། མི་སྡེའི་བ་ཕྲུག་རྣམས་ཞེས་པ་ཨེ་ཅིབ་ཀྱི་འགོ་དཔོན་རྣམས་བཅས་ལ་གོ་བ༌ཡིན། ། །དངུལ་གྱི་དོང་ཙེར་ཆགས་རྣམས་བརྫི་བར༌མཛོད། །དམག་འཁྲུག་ལ་དགའི་མི་རིགས་གཏོར་གྱུར༌ཅིག། 31 ཨེ་ཅིབ་ཡུལ་ནས་སྐུ་དྲག་རྣམས་འོང༌ཞིང༌། །གུ་ཤས་དཀོན་མཆོག་ཉིད་ལ་ཕྱག་རྟེན༌དབུལ།། 32 ཀྱེ་མ་ས་གཞི་ཡོངས་ཀྱི་རྒྱལ་ཁམས༌རྣམས། །ཁྱོད་ཚོས་དཀོན་མཆོག་ཁོང་ལ་གླུ་གཞས༌ཕུལ། །ཁྱོད་ཚོས་གཙོ་བོར་བསྟོད་དབྱངས་འབུལ་བར༌གྱིས།།༼ སེ༌ལཱ། ༽ 33 གདོད་མའི་ནམ་མཁའི་དབྱིངས་དག་འཆིབ་པ༌ཡི། །གཙོ་བོ་ཁོང་ལ་བསྟོད་པའི་མགུར་མ༌ལེན། །ལྟོས་དང་ཁོང་གིས་སྟོབས་ལྡན་གསུང་སྐད༌འདོན།། 34 དཀོན་མཆོག་ཉིད་ཀྱི་མཐུ་སྟོབས་བསྒྲག་པར༌གྱིས། །ཁོང་གི་བརྗིད་ཉམས་ཡེས་ར་ཨེལ་སྟེང༌གནས། །ནམ་མཁའི་དབྱིངས་སུ་ཁོང་གི་དབང་ཐང༌མངོན།། 35 ཀྱེ་ཀྱེ་དཀོན་མཆོག་གནས་མཆོག་ནང་དུ་ནི། །ཁྱེད་རང་གུས་ཤིང་འཇིགས་པར་མངོན་པ༌དང༌། །ཡེས་ར་ཨེལ་གྱི་དཀོན་མཆོག་ཉིད་ཀྱིས༌ནི། །མཐུ་སྟོབས་དབང་ཐང་རང་གི་མི་ལ༌གནང༌། །དཀོན་མཆོག་ཁོང་ཉིད་བསྟོད་པར་འོས་སོ༌ལོ།།
*གསུང་མགུར་རེ་བརྒྱད༌པ།:30 འདིར་འདམ་རྩྭའི་ཁྲོད་ཀྱི་གཅན་གཟན་ཞེས་པ་ཨེ་ཅིབ༌དང༌། གླང་གི་ཁྱུ་ཞེས་པ་ཨེ་ཅིབ་ཀྱི་སྐུ་དྲག་རྣམས༌དང༌། མི་སྡེའི་བ་ཕྲུག་རྣམས་ཞེས་པ་ཨེ་ཅིབ་ཀྱི་འགོ་དཔོན་རྣམས་བཅས་ལ་གོ་བ༌ཡིན།