གསུང་མགུར་རེ་གཉིས༌པ།
དཀོན་མཆོག་གི་སྲུང་སྐྱོབ་འོག་ཏུ་བདེ་ལ་བབས་པ།
༼ཡེ་དུ་ཐུན་གྱི་ལུགས་སུ་དབུ་མཛད་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ དཀོན་མཆོག་གཅིག་པུར་སྒུག་དུས་བདག་སེམས༌བདེ། །ང་ཡི་ཐར་པ་ཁོང་ནས་འབྱུང་བ༌ཡིན།། ཁོང་ཉིད་གཅིག་པུ་བྲག་དང་སྲོག་སྐྱོབ༌ཡིན། །ཁོང་ཉིད་བཙན་རྫོང་ཡིན་པས་ང་མི༌གཡོ།། ཁྱོད་ཅག་ཀུན་པོས་མི་ཞིག་གསོད་པའི༌ཕྱིར། །བསེགས་པའི་རྩིག་པ་འགྱེལ་ལ་ཉེ་བའི༌གྱང༌། །བཤིག་པ་བཞིན་དུ་ནམ་ཞིག་བར་དུ༌རྒོལ།། ཁོང་ཉིད་གོ་ས་མཐོན་པོ་ནས་འབབ་ཕྱིར། །དེ་ཚོས་གྲོས་བསྡུར་བྱེད་ཅིང་རྫུན་ལ༌དགའ། །ཁ་ནས་ཤིས་ཚིག་བརྗོད་ཀྱང་ཁོག་ནས༌དམོད།།༼ སེ༌ལཱ། ༽ བདག་གི་རེ་བ་དཀོན་མཆོག་ནས་འོང༌བས། །ཁོང་ཉིད་གཅིག་པུར་སྒུག་པའི་དུས་སྐབས༌སུ། །ཀྱེ་མ་བདག་སེམས་བདེ་ལ་འབབ་པར༌གྱིས།། ཁོང་ཉིད་གཅིག་པུ་བྲག་དང་སྲོག་སྐྱོབ༌ཡིན། །ཁོང་ཉིད་བཙན་རྫོང་ཡིན་པས་ང་མི༌གཡོ།། ཐར་པ་གཟི་དཔལ་དཀོན་མཆོག་ཁོ་ནར༌བརྟེན། །སྟོབས་ཀྱི་བྲག་དང་སྐྱབས་གནས་དཀོན་མཆོག༌ལགས།། དཀོན་མཆོག་ང་ཚོའི་སྐྱབས་གནས་ཡིན་པས༌ན། །མི་རྣམས་དུས་རྒྱུན་ཁོང་ལ་བློ་གཏོད༌ཅིག །ཁོང་གི་དྲུང་དུ་སྙིང་གཏམ་ལྷུག་པོར༌བརྗོད།།༼ སེ༌ལཱ། ༽ ཐ་ཤལ་བ་རྣམས་ཅི་ཡང་མིན་པ༌དང༌། །མཆོག་གྱུར་རྣམས་ཀྱང་རྫུས་མ་རྐྱང་རྐྱང༌ཡིན། །སྲང་ལ་འཇལ་དུས་དེ་རྣམས་ཡར་འདེགས༌ཤིང༌། །ཁོ་ཚོ་མཉམ་དུ་མཁའ་དབུགས་ལས་ཀྱང༌ཡང༌།། 10 བཙན་དབང་བཀོལ་ནས་ཐོབ་པའི་རྒྱུར་མ༌བརྟེན། །འཕྲོག་བཅོམ་བྱས་པའི་ནོར་ལ་བསྙེམ་མི༌རུང༌། །རང་ནོར་འཕེལ་ན་དེ་ལ་སེམས་མ༌ཆགས།། 11 དཀོན་མཆོག་ཉིད་ཀྱིས་ཐེངས་གཅིག་ཐེངས་གཉིས༌ལ། །གསུངས་པ་བདག་གིས་ཡང་ཡང་ཐོས་པ༌སྟེ། །ནུས་མཐུ་ཡོད་ཚད་དཀོན་མཆོག་ལ་དབང༌ངོ༌།། 12 མི་རེའི་སྤྱོད་པ་བཞིན་དུ་ལན་གནང༌བས། །བྱམས་བརྩེ་ཡང་ནི་གཙོ་བོ་ཁྱེད་ཀྱི༌ཡིན།།