ལེའུ་སོ་གསུམ་པ།
ཡང་བསྐྱར་རྒྱལ་ཁབ་ཕྱིར་འཛུགས་པར་ཁས་ལེན་པ།
1 ཡེ་རེམ་ཡཱ་ད་དུང་སྐུ་སྲུང་གི་ཁྱམས་རའི་ནང་བཙོན་དུ་ཡོད་པའི་ཚེ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཐེངས་གཉིས་པར་ཁོང་ལ་བྱུང་བ་འདི་ལྟ་སྟེ། 2 ས་གཞི་བཀོད་ནས་དབྱིབས་བཏོད་ཅིང་དེ་བརྟན་པོར་འཛུགས་མཁན་ནི་དཀོན་མཆོག་ཡ་ཝཱེ་ཡིན་ལ། མཚན་ལ་དཀོན་མཆོག་ཡ་ཝཱེ་ཞེས་བྱ་བ་ཁོང་གིས་འདི་སྐད་དུ། 3 ཁྱོད་ཀྱིས་ང་ལ་ཞུས་ན། ངས་ཁྱོད་ལ་བཀའ་ལན་གནང་ཞིང་། ཁྱོད་ཀྱིས་མི་རྟོགས་པའི་གསང་བ་ཆེན་པོ་རྣམས་ཁྱོད་ལ་སྟོན་པར་བྱའོ་ཞེས་གསུངས་སོ། ། 4 ཡང་གྲོང་ཁྱེར་འདིའི་ནང་གི་ཁང་པ་དང་ཡ་ཧུ་དཱ་རྒྱལ་པོའི་ཕོ་བྲང་སྟེ། གྲོང་ཁྱེར་བསྐོར་བའི་ས་རགས་དང་རལ་གྲི་འགོག་པའི་ཆེད་དུ་བཤིག་པ་དེའི་སྐོར་ལ། ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། 5 གྲོང་ཁྱེར་འདིའི་ཡུལ་མི་རྣམས་ཕྱི་རོལ་ཏུ་སོང་ནས་ཀལ་དི་པ་དང་འཐབ་པའི་དུས་སུ། ངས་ཁོང་ཁྲོ་དང་ཞེ་སྡང་གིས་བཀུམ་པའི་བེམ་པོ་ཡིས་ཁང་པའི་ནང་བཀང་ངེས་ཡིན་ཏེ། དེ་དག་གི་སྡིག་སྤྱོད་ཀུན་གྱི་ཕྱིར་ང་ཕར་འཁོར་ནས་གྲོང་ཁྱེར་འདི་ལ་མི་བལྟའོ། ། 6 ལྟོས་ཤིག ངས་གྲོང་ཁྱེར་འདིའི་རྨ་ཁ་གསོས་ནས་ཡུལ་མི་རྣམས་དྲག་པར་བྱེད་ཅིང་། ཞི་བདེ་དང་ལྷོད་འཇགས་བསམ་གྱིས་མི་ཁྱབ་པ་དེ་རྣམས་ལ་མངོན་པར་བྱེད་དོ། ། 7 ངས་ཡ་ཧུ་དཱའི་བཙོན་པ་དང་ཡེས་ར་ཨེལ་གྱི་བཙོན་པ་རྣམས་ཕྱིར་ལོག་ཏུ་བཅུག་ནས། ཐོག་མའི་དུས་ལྟར་དེ་རྣམས་འཛུགས་པར་བྱའོ། ། 8 དེ་དག་གིས་ང་ལ་བྱས་པའི་སྡིག་པ་ཐམས་ཅད་འདག་པར་བྱས་ནས། དེ་དག་གིས་ང་ལ་བྱས་པའི་ཉེས་པ་དང་། ང་དང་རྒྱབ་འགལ་དུ་སོང་བའི་སྡིག་པ་རྣམས་སེལ་བར་བྱའོ། ། 9 གྲོང་ཁྱེར་འདི་ཡིས་ས་སྟེང་གི་མི་རིགས་ཀུན་གྱི་མདུན་དུ་ང་ལ་དགའ་སྤྲོའི་མཚན་སྙན་དང་བསྟོད་པ། གཟི་བརྗིད་བཅས་འཐོབ་པར་བྱའོ། །ཅི་ལ་ཞེ་ན། མི་རིགས་ཐམས་ཅད་ཀྱིས་ངས་གྲོང་ཁྱེར་འདིའི་ཡུལ་མི་རྣམས་ལ་གནང་བའི་བདེ་སྐྱིད་ཐོས་པར་འགྱུར། ཡང་དེ་དག་ནི་ངས་གྲོང་ཁྱེར་འདི་ལ་གནང་བའི་བདེ་སྐྱིད་དང་ཞི་བདེ་ཀུན་གྱི་རྐྱེན་གྱིས་འཇིགས་ཤིང་འདར་བར་འགྱུར་རོ་ཞེས་གསུངས། 10 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཚོས་ཡུལ་འདི་ལ་མི་ཕྱུགས་གང་ཡང་མེད་པའི་ས་སྟོང་ཞེས་ཟེར་ཡང་། དབེན་སྟོང་དུ་ལུས་ཤིང་མི་མེད་པ་དང་། ཐ་ན་དུད་འགྲོའང་མེད་པའི་ཡ་ཧུ་དཱའི་གྲོང་ཁྱེར་དང་ཡེ་རུ་སཱ་ལེམ་གྱི་སྲང་ལམ་རྣམས་སུ། 11 ཡང་བསྐྱར་དགའ་ཞིང་སྤྲོ་བའི་སྐད་སྒྲ་དང་། མག་གསར་དང་བག་མའི་སྐད། ད་དུང་གཏང་རག་གི་མཆོད་པ་ཁྱེར་ནས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་སླེབས་པ་རྣམས་ཀྱི་སྐད་དེ། ཁྱོད་རྣམས་ཀྱིས་དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་ལ་བཀའ་དྲིན་ཞུས་ཤིག ཅི་ལ་ཞེ་ན། ཁོང་ནི་གཞི་ནས་ལེགས་ཤིང་ཁོང་གི་བྱམས་བརྩེ་རྒྱུན་ནས་རྒྱུན་དུ་གནས་ཞེས་ཟེར་བ་ཐོས་ཡོང་སྟེ། ངས་ཡུལ་འདི་ལས་བཙོན་དུ་ཁྲིད་པ་རྣམས་སྔར་བཞིན་ཕྱིར་ལོག་པར་བྱའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་སོ། ། 12 དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། མི་ཕྱུགས་གང་ཡང་མེད་པའི་ས་སྟོང་འདི་དང་། ཡུལ་འདིའི་གྲོང་ཁྱེར་ཀུན་ཏུ་རྫི་བོ་རྣམས་ཀྱིས་ཡང་བསྐྱར་རང་གི་ལུག་ཁྱུ་འཚོ་བར་འགྱུར་ཞིང་། 13 རི་ཁུལ་དང་རི་ཀླུང་། ནེ་གུབ་ཡུལ་བཅས་ཀྱི་གྲོང་ཁྱེར་དང་། པེན་ཡཱ་མེན་གྱི་ཡུལ་ཁམས། ཡེ་རུ་སཱ་ལེམ་མཐའ་འཁོར་གྱི་ཡུལ་རྣམས། ཡ་ཧུ་དཱའི་གྲོང་ཁྱེར་རྣམས་སུ་ལུག་ཁྱུ་རྣམས་ཁ་གྲངས་རྩི་མཁན་གྱི་ལག་འོག་ནས་རྒྱུ་བར་འགྱུར་རོ་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 14 ལྟོས་ཤིག དུས་དེ་སླེབས་ལ་ཉེའོ་ཞེས་དཀོན་མཆོག་ཡ་ཝཱེས་གསུངས་ཏེ། ངས་ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དང་ཡ་ཧུ་དཱའི་ཁྱིམ་རྒྱུད་རྣམས་ལ་བྱིན་རླབས་གནང་བའི་ཁས་ལེན་བཟང་པོ་དག་བསྒྲུབ་པར་བྱའོ། ། 15 ཉིན་དེ་དག་དང་དུས་དེ་ལ་དཱ་བིད་ཀྱི་རྒྱུད་ནས་མྱུ་གུ་དྲང་བདེན་བསྐྱེད་པར་བྱ་སྟེ། དེས་ས་སྟེང་དུ་དྲང་གཞག་དང་དྲང་བདེན་སྤྱོད་པར་འགྱུར། 16 དེའི་དུས་སུ་ཡ་ཧུ་དཱ་ནི་ཐར་བར་འགྱུར་ཞིང་ཡེ་རུ་སཱ་ལེམ་བདེ་བར་གནས་པ་དང་། གྲོང་ཁྱེར་འདིའི་མིང་ལ་དཀོན་མཆོག་ཡ་ཝཱེ་ངེད་ཀྱི་དྲང་བདེན་ལགས་ཞེས་འབོད་དོ། ། 17 ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། དཱ་བིད་ཀྱི་ཁྱིམ་རྒྱུད་ལས་ནམ་ཡིན་ཡང་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་རྒྱལ་ཁྲིར་བཞུགས་མཁན་རྒྱུན་མི་ཆད་ལ། 18 མཆོད་དཔོན་ལེ་ཝི་པ་རྣམས་ལས་ཀྱང་ངའི་མདུན་དུ་སྦྱིན་སྲེག་དང་འབྲུ་རིགས་ཀྱི་མཆོད་པ། དུས་རྒྱུན་གྱི་མཆོད་པ་རྣམས་འབུལ་མཁན་རྒྱུན་མི་ཆད་ཅེས་གསུངས་སོ། ། 19 དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 20 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། གལ་ཏེ་ཁྱོད་ཅག་གིས་ཉིན་མཚན་དུས་ལྟར་མི་འཁོར་བར། ངས་ཉིན་མཚན་གཉིས་ཀྱི་བར་དུ་བཞག་པའི་ཞལ་ཆད་དེ་འདོར་ནུས་པ་ཡིན་ན། 21 དེ་ནས་ངས་རང་གི་ཞབས་ཕྱི་དཱ་བིད་ལ་བཞག་པའི་ཞལ་ཆད་ཀྱང་འདོར་ནུས་ལ། དེའི་བུ་རྒྱུད་ལས་རྒྱལ་པོའི་སྲིད་ཁྲི་ལ་བཞུགས་མཁན་མེད་པ་དང་། ཡང་ངས་བདག་ལ་ཞབས་ཏོག་སྒྲུབ་པའི་ལེ་ཝི་ཚོ་པའི་མཆོད་དཔོན་རྣམས་ལ་བཞག་པའི་ཞལ་ཆད་ཀྱང་འདོར་ནུས་པ་ཡིན། 22 ནམ་མཁའི་ཚོགས་རྣམས་བགྲང་གིས་མི་ལང་བ་དང་རྒྱ་མཚོའི་འགྲམ་གྱི་བྱེ་མ་འཇལ་མི་ནུས་པ་ལྟར། ངས་རང་གི་ཞབས་ཕྱི་དཱ་བིད་ཀྱི་བུ་རྒྱུད་དང་ང་ལ་ཞབས་ཏོག་སྒྲུབ་པའི་ལེ་ཝི་པ་རྣམས་འཕེལ་བར་བྱའོ་ཞེས་གསུངས། 23 ཡང་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 24 མི་འདི་དག་གིས་ཅི་ཟེར་བ་ཁྱོད་ཀྱིས་མི་ཐོས་སམ། དེ་དག་གིས་དཀོན་མཆོག་ཡ་ཝཱེས་བདམས་པའི་ཁྱིམ་རྒྱུད་གཉིས་པོ་ནི་ཁོང་གིས་སྤངས་སོ་ཞེས་ཟེར་ཞིང་། དེ་དག་གིས་དེ་ལྟར་ངའི་མི་སྡེ་ལ་མཐོང་ཆུང་བྱས་ནས། དེ་གཉིས་ཀ་རྒྱལ་ཕྲན་ཞིག་ཏུ་མི་བརྩིའོ་ཞེས་གསུངས། 25 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ངས་ཉིན་དཀར་དང་མཚན་མོའི་ཞལ་ཆད་མ་བཞག་པ་དང་། གནམ་སའི་སྲོལ་མ་བཀོད་པ་ཡིན་ན། 26 དེ་ནས་ངས་ཡ་ཀོབ་ཀྱི་བུ་རྒྱུད་དང་བདག་གི་ཞབས་ཕྱི་དཱ་བིད་ཀྱི་བུ་རྒྱུད་རྣམས་དོར་ནས། དཱ་བིད་ཀྱི་བུ་རྒྱུད་ལས་མི་བདམས་ཏེ་ཨབ་ར་ཧམ་དང་ཨི་སཱག ཡ་ཀོབ་བཅས་ཀྱི་བུ་རྒྱུད་ལ་དབང་སྒྱུར་བར་མི་བྱའོ། །ངས་དེ་དག་ལས་བཙོན་དུ་ཁྲིད་པ་རྣམས་ཕྱིར་ལོག་ཏུ་བཅུག་ནས། དེ་དག་ལ་སྙིང་རྗེ་བསྐྱེད་པར་བྱའོ་ཞེས་གསུངས་སོ། །