ལེའུ་ཉེར་བརྒྱད་པ།
ཡེ་རེམ་ཡཱ་དང་ཧ་ནན་ཡཱ།
དེ་ཡང་ཡ་ཧུ་དཱའི་རྒྱལ་པོ་ཚིད་ཀི་ཡཱ་ཡི་སྲིད་ལོ་བཞི་པའི་ལོ་དེའི་ཟླ་ལྔ་པར། གིབ་ཡོན་པ་ཨ་ཟུར་གྱི་བུ་ཧ་ནན་ཡཱ་ཞེས་པའི་ལུང་སྟོན་པ་ཡིས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་མཆོད་དཔོན་རྣམས་དང་མི་ཀུན་གྱི་མདུན་དུ་བདག་ལ་ན་རེ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། ངས་པཱ་པེལ་ལོན་གྱི་རྒྱལ་པོའི་གཉའ་ཤིང་བཅག་པ་སྟེ། ལོ་གཉིས་ཀྱི་ནང་དུ། ངས་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱིས་གནས་འདི་ནས་བཙན་འཕྲོག་བྱས་ཏེ་པཱ་པེལ་ལོན་དུ་ཁྱེར་བའི་ཡོ་བྱད་རྣམས་ཏེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་གི་ཡོ་བྱད་མཐའ་དག་གནས་འདིར་ཕྱིར་འདྲེན་དགོས་ལ། ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་གྱི་བུ་ཡེ་ཀོན་ཡཱ་དང་བཅས་པཱ་པེལ་ལོན་དུ་བཙོན་ལ་ཁྲིད་པའི་ཡ་ཧུ་དཱ་པ་ཐམས་ཅད་ཕྱིར་འཁྲིད་འོང་བར་བྱའོ། །ཅི་ལ་ཞེ་ན། ངས་པཱ་པེལ་ལོན་གྱི་རྒྱལ་པོའི་གཉའ་ཤིང་གཅོག་པར་འགྱུར་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ་ཞེས་སྨྲས་པ་ལ། ལུང་སྟོན་པ་ཡེ་རེམ་ཡཱས་མཆོད་དཔོན་རྣམས་དང་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་ལངས་བསྡད་ཡོད་པའི་མི་ཐམས་ཅད་ཀྱི་མདུན་དུ་ལུང་སྟོན་པ་ཧ་ནན་ཡཱ་ལ་འདི་ལྟར། ཨ་མེན། དཀོན་མཆོག་ཡ་ཝཱེས་དེ་ལྟར་མཛོད་ཅིག དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱི་ལུང་བསྟན་རྣམས་འགྲུབ་པར་མཛད་ནས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་ཡོ་བྱད་དང་བཙོན་དུ་ཁྲིད་ཕྱིན་པ་ཐམས་ཅད་པཱ་པེལ་ལོན་ནས་གནས་འདིར་ཕྱིར་འདྲེན་པར་ཤོག ཡིན་ནའང་ངས་ཁྱོད་དང་མི་ཀུན་གྱི་རྣ་བར་གང་ཞིག་སྨྲས་པར་ཁྱོད་ཀྱིས་ཉན་པར་མཛོད་ཅིག གནའ་ནས་ད་བར་དུ། ང་དང་ཁྱོད་གཉིས་ཡར་སྔོན་གྱི་ལུང་སྟོན་པ་རྣམས་ཀྱིས་ཀྱང་ཡུལ་དུ་མ་དང་རྒྱལ་ཕྲན་སྟོབས་ཅན་དག་ལ་དམག་འཁྲུག་དང་ཆག་སྒོ། རིམས་ནད་བཅས་འབྱུང་བར་ལུང་བསྟན་པ་ཡིན། དེ་ཡང་ཞི་བདེ་ལུང་སྟོན་མཁན་གྱི་ལུང་སྟོན་པ་ཡིན་ན་དེའི་ཚིག་ནང་བཞིན་འགྲུབ་པའི་དུས་སུ། མི་ཡིས་ད་གཟོད་དེ་ནི་དཀོན་མཆོག་ཡ་ཝཱེས་མངགས་པའི་ལུང་སྟོན་པ་ཡིན་པར་ཁས་ལེན་ནོ་ཞེས་སྨྲས། 10 དེ་ནས་ལུང་སྟོན་པ་ཧ་ནན་ཡཱས་ལུང་སྟོན་པ་ཡེ་རེམ་ཡཱའི་མཇིང་པ་ལས་གཉའ་ཤིང་བླངས་ནས་བཅག་པ་དང་། 11 ཡང་མི་ཐམས་ཅད་ཀྱི་མདུན་དུ་ན་རེ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལོ་གཉིས་ཀྱི་ནང་དུ་ངས་དེ་དང་དེ་བཞིན་དུ་མི་རིགས་ཐམས་ཅད་ཀྱི་མཇིང་པ་ལས་པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་གཉའ་ཤིང་གཅོག་པར་བྱའོ་ཞེས་གསུངས་ཞེས་སྨྲས་པ་དང་། ལུང་སྟོན་པ་ཡེ་རེམ་ཡཱ་ཕྱིན་ཏོ། ། 12 ལུང་སྟོན་པ་ཧ་ནན་ཡཱས་ལུང་སྟོན་པ་ཡེ་རེམ་ཡཱའི་མཇིང་པ་ལས་གཉའ་ཤིང་དེ་བཅག་པའི་རྗེས་སུ། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། 13 ཁྱོད་སོང་ནས་ཧ་ནན་ཡཱ་ལ་འདི་སྐད་སྦྲོན་ཅིག དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཀྱིས་ཤིང་གི་གཉའ་ཤིང་བཅག་ནའང་དེའི་ཚབ་ཏུ་ལྕགས་ཀྱི་གཉའ་ཤིང་བཟོ་བར་འགྱུར་རོ་ཞེས་གསུངས། 14 ཅི་ལ་ཞེ་ན། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེ་སྟེ་ཡེས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། པཱ་པེལ་ལོན་གྱི་རྒྱལ་པོ་ནེ་བོ་ཀད་ནེ་ཙར་གྱི་གཡོག་བྱེད་དུ། ངས་མི་རིགས་ཐམས་ཅད་ཀྱི་མཇིང་པར་ལྕགས་ཀྱི་གཉའ་ཤིང་འགེལ་ཞིང་། དེ་དག་གིས་ནམ་ཡིན་ཡང་དེ་ལ་གཡོག་བྱེད་པར་འགྱུར་ཏེ། ངས་ཐང་རྒོད་ཀྱི་རི་དྭགས་རྣམས་ཀྱང་དེ་ལ་སྤྲད་དོ་ཞེས་གསུངས་པས་སོ་ཞེས་པའོ། ། 15 དེ་ནས་ལུང་སྟོན་པ་ཡེ་རེམ་ཡཱས་ལུང་སྟོན་པ་ཧ་ནན་ཡཱ་ལ་འདི་ལྟར། ཀྱེ་ཧ་ནན་ཡཱ་ཁྱོད་ཀྱིས་ཉོན་ཅིག དཀོན་མཆོག་ཡ་ཝཱེས་ཁྱོད་མངགས་པ་མིན་ཡང་། ཁྱོད་ཀྱིས་མི་འདི་རྣམས་རྫུན་ལ་བརྟེན་པར་བྱས་པས། 16 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ལྟོས་ཤིག ངས་ཁྱོད་ནི་ས་གཞི་ལས་འདོར་བར་བྱ་ཞིང་། ཁྱོད་ནི་ལོ་འདི་རང་ལ་འཆི་བར་འགྱུར་རོ། །ཅི་ལ་ཞེ་ན། ཁྱོད་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་ངོ་ལོག་གི་གཏམ་བརྗོད་པའི་ཕྱིར་རོ་ཞེས་གསུངས། 17 དེ་ནས་ལུང་སྟོན་པ་ཧ་ནན་ཡཱ་ལོ་དེའི་ཟླ་བདུན་པའི་ནང་ཚེ་ལས་འདས་སོ། །