ལེའུ་ཉེར་དྲུག་པ།
ཡེ་རེམ་ཡཱ་ལ་ཉེས་ཆད་བཅད་པ།
ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡེ་ཧོ་ཡཱ་ཀིམ་རྒྱལ་པོའི་ཁྲི་ལ་བཀོད་དུས། དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཡེ་རེམ་ཡཱ་ལ་བྱུང་བ་འདི་ལྟ་སྟེ། དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ནི་ཡ་ཝཱེའི་མཆོད་ཁང་གི་ཁྱམས་རར་ལངས་ནས། ཡ་ཧུ་དཱའི་གྲོང་ཁྱེར་སོ་སོ་ནས་ཡ་ཝཱེའི་མཆོད་ཁང་དུ་བསྙེན་བཀུར་བྱེད་པར་འོང་བའི་མི་ཐམས་ཅད་ལ། ངས་ཁྱོད་ལ་ཅི་དང་ཅི་བསྒོས་པ་བཞིན་ཚིག་གཅིག་ཀྱང་མ་ལུས་པར་ཤོད་ཅིག གཅིག་བྱས་ན་དེ་དག་གིས་ངའི་ཁ་ལ་མཉན་ནས་རང་རང་གི་ལོག་ལམ་དང་བྲལ་ཏེ་ཕྱིར་ལོག་ཀྱང་སྲིད་དེ། ངས་ཀྱང་རང་གི་བློ་ཁ་བསྒྱུར་ནས་དེ་དག་གིས་སྤྱོད་ངན་སྤྱད་པའི་ཕྱིར་ངས་གཏོང་འདོད་པའི་ཆག་སྒོ་ནི་དེ་དག་གི་སྟེང་ལ་འབྱུང་བར་མི་བྱའོ། ། ཁྱོད་ཀྱིས་ཁོ་རྣམས་ལ་འདི་ལྟར། དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ཁྱོད་ཅག་གིས་ང་ལ་མི་མཉན་པ་དང་ངས་ཁྱོད་ཅག་གི་མདུན་དུ་བཀོད་པའི་བཀའ་ཁྲིམས་མི་བརྩི་ཞིང་། ངས་སྔར་ནས་ཡང་ཡང་ཁྱོད་ཅག་གི་རྩར་མངགས་པའི་ཞབས་ཕྱི་ལུང་སྟོན་པ་རྣམས་ཀྱི་གསུངས་པའི་བཀའ་ལ་མ་མཉན་ན། ༼ཁྱོད་ཚོས་དངོས་གནས་མ་མཉན་ཏོ། །༽ ངས་མཆོད་ཁང་འདི་ཞི་ལོ་དང་འདྲ་བར་བྱ་ཞིང་། གྲོང་ཁྱེར་འདི་ནི་རྒྱལ་ཁམས་ཡོངས་ཀྱིས་དམོད་མོ་བྱེད་ས་རུ་འགྱུར་བར་བྱའོ་ཞེས་གསུངས་པ་སྨྲོས་ཤིག་ཅེས་གསུངས་སོ། ། ཡེ་རེམ་ཡཱས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་གསུངས་པའི་བཀའ་འདི་དག་མཆོད་དཔོན་དང་ལུང་སྟོན་པ་རྣམས་དང་མི་ཐམས་ཅད་ཀྱིས་ཐོས་སོ། ། ཡང་ཡེ་རེམ་ཡཱ་ཡིས་དཀོན་མཆོག་ཡ་ཝཱེས་མི་ཀུན་ལ་གསུང་བར་བསྒོས་པའི་བཀའ་ཐམས་ཅད་གསུངས་ཚར་བ་དང་། མཆོད་དཔོན་དང་ལུང་སྟོན་པ་རྣམས་དང་མི་ཡོངས་ཀྱིས་ཁོང་བཟུང་སྟེ་ན་རེ། ཁྱོད་འཆི་ངེས་ཡིན་ཏེ། ཁྱོད་ཀྱིས་ཅིའི་ཕྱིར་དཀོན་མཆོག་ཡ་ཝཱེའི་མཚན་ལ་བརྟེན་ནས་ལུང་བསྟན་ཏེ་ན་རེ། མཆོད་ཁང་འདི་ནི་ཞི་ལོ་ལྟར་འགྱུར་ཞིང་། གྲོང་ཁྱེར་འདི་ནི་མི་མེད་ལུང་སྟོང་དུ་འགྱུར་རོ་ཞེས་སྨྲ་བ་ཡིན་ནམ་ཞེས་སྨྲས་ཤིང་། མི་ཚང་མ་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་འདུས་ཏེ་ཡེ་རེམ་ཡཱ་བསྐོར་ཏོ། ། 10 དེ་ནས་ཡ་ཧུ་དཱའི་འགོ་དཔོན་རྣམས་ཀྱིས་དོན་དེ་ཐོས་པ་དང་རྒྱལ་པོའི་ཕོ་བྲང་ནས་ཡར་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་ཕྱིན་ཏེ། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་སྒོ་གསར་པའི་འཇུག་སྒོར་བསྡད་ནས། 11 མཆོད་དཔོན་དང་ལུང་སྟོན་པ་རྣམས་ཀྱིས་འགོ་དཔོན་རྣམས་དང་མི་དེ་ཐམས་ཅད་ལ་འདི་ལྟར། ཁྱེད་ཅག་གི་རྣ་བས་ཐོས་པ་བཞིན་མི་འདིས་ལུང་བསྟན་ནས་གྲོང་ཁྱེར་འདི་ལ་རྒོལ་བས་ན་ཁོར་སྲོག་ཆད་གཅོད་འོས་པ་ཡིན་ཞེས་སྨྲས་པ་དང་། 12 ཡེ་རེམ་ཡཱ་ཡིས་འགོ་དཔོན་དང་མི་རྣམས་ལ་ན་རེ། མཆོད་ཁང་འདི་དང་གྲོང་ཁྱེར་འདི་ལ་རྒོལ་བའི་གཏམ་ཁྱོད་ཅག་གི་ཐོས་པ་དེ་ཐམས་ཅད་ལུང་སྟོན་ཕྱིར་དཀོན་མཆོག་ཡ་ཝཱེས་ང་མངགས་སོ། ། 13 ད་ལྟ། ཁྱོད་ཅག་གིས་རང་གི་བྱ་བ་སྤྱོད་པ་རྣམས་ཇེ་ལེགས་སུ་བཏང་ནས་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེའི་བཀའ་ལ་མཉན་ན། ཁོང་གིས་ཉིད་ཀྱི་ཐུགས་ཞི་ནས་གསུངས་ཟིན་པའི་ཆག་སྒོ་དེ་ཁྱོད་ཅག་གི་སྟེང་ལ་འབེབ་པར་མི་མཛད། 14 ཡང་བདག་ལ་མཚོན་ན། ལྟོས་ཤིག བདག་ནི་ཁྱོད་ཅག་གི་ལག་ཏུ་ཡོད་པས། ཁྱོད་ཚོས་ཅི་བྱས་ན་ལེགས་ཤིང་འགྲིག་པར་འདོད་ན་དེ་བཞིན་བྱོས་ཤིག 15 ཡིན་ཡང་ཁྱོད་ཅག་གིས་རྟོགས་དགོས་པ་ཞིག་ནི། གལ་ཏེ་ཁྱོད་ཅག་གིས་ངའི་སྲོག་བླངས་ན། ཉེས་མེད་ལ་ཁྲག་བཞུར་དུ་བཅུག་པའི་སྡིག་པ་དེ་ཁྱོད་རྣམས་དང་གྲོང་ཁྱེར་འདི་དང་། ད་དུང་གྲོང་ཁྱེར་ནང་གི་མི་རྣམས་ཀྱི་སྟེང་དུ་དྲངས་པ་ཡིན་ཏེ། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་དངོས་གནས་ང་རང་ཁྱོད་ཚོའི་མདུན་དུ་མངགས་ཤིང་བཀའ་འདི་ཐམས་ཅད་ཁྱོད་ཚོའི་རྣ་ལམ་དུ་བསྒྲག་པར་མཛད་པ་ཡིན་ཞེས་གསུངས། 16 དེ་ནས་འགོ་དཔོན་དང་མི་རྣམས་ཀྱིས་མཆོད་དཔོན་དང་ལུང་སྟོན་པ་དག་ལ་འདི་ལྟར། སྐྱེ་བོ་འདིས་བདག་ཅག་ལ་རང་ཅག་གི་དཀོན་མཆོག་ཡ་ཝཱེའི་མཚན་ལ་བརྟེན་ནས་ལུང་སྟོན་པ་ཡིན་པས། ཁོང་གསོད་མི་འོས་ཞེས་སྨྲས་པ་ན། 17 ཡུལ་དེའི་རྒན་པོ་འགའ་ལངས་ནས་མི་ཚོགས་ཀུན་ལ་གཏམ་བྱས་ཏེ་ན་རེ། 18 དེ་ཡང་ཡ་ཧུ་དཱའི་རྒྱལ་པོ་ཧི་ཟི་ཀི་ཡཱའི་དུས་སུ། མོ་རེ་ཤེད་པ་མི་ཀཱས་ཡ་ཧུ་དཱའི་མི་རྣམས་ལ་འདི་ལྟར། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཛ་ཡན་ནི་ཞིང་ལྟར་རྨོ་ཞིང་། ཡེ་རུ་སཱ་ལེམ་ནི་ཞིག་རོར་འགྱུར་བ་དང་། མཆོད་ཁང་འདིའི་རི་བོ་ནི་ནགས་ཚལ་གྱི་མཐོ་ས་དང་འདྲ་བར་འགྱུར་ཞེས་ལུང་བསྟན་ན་ཡང་། 19 ཡ་ཧུ་དཱའི་རྒྱལ་པོ་ཧི་ཟི་ཀི་ཡཱ་དང་ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་བསད་པ་ཡིན་ནམ། ཧི་ཟི་ཀི་ཡཱ་ནི་དཀོན་མཆོག་ལ་གུས་ཤིང་འཇིགས་པ་སྟེ། དཀོན་མཆོག་ཡ་ཝཱེ་ལ་སྙིང་རྗེ་གནང་བར་ཞུས་པ་དང་། དེ་ནས་དཀོན་མཆོག་ཡ་ཝཱེས་ཉིད་ཀྱི་ཐུགས་ཞི་བར་མཛད་དེ་གསུངས་ཟིན་པའི་ཆག་སྒོ་ནི་དེ་དག་གི་སྟེང་ལ་འབེབ་པར་མ་མཛད་དོ། །ཡིན་ནའང་རང་ཅག་གིས་རང་ལ་ཆག་སྒོ་སློང་ངོ་ཞེས་སྨྲས། 20 ཡང་མི་ཞིག་ཡོད་པ་སྟེ་ཤེ་མ་ཡཱའི་བུ་ཀིར་ཡཱད་ཡེ་ཨ་རིམ་པ་ཨུ་རི་ཡཱ་ཞེས་པས་ཀྱང་། དཀོན་མཆོག་ཡ་ཝཱེའི་མཚན་ལ་བརྟེན་ནས་ལུང་བསྟན་ཅིང་། དེས་གྲོང་ཁྱེར་འདི་དང་ཡུལ་ཁམས་འདི་ལ་རྒོལ་བར་ལུང་བསྟན་པ་ནི་ཡེ་རེམ་ཡཱའི་གསུང་ཐམས་ཅད་དང་མཐུན་ནོ། ། 21 རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་དང་དེའི་དཔའ་བོ་རྣམས་དང་། འགོ་དཔོན་རྣམས་ཀྱིས་ཨུ་རི་ཡཱའི་གསུང་ཐོས་ནས་རྒྱལ་པོས་དེ་གསོད་འདོད་པ་ལ། ཨུ་རི་ཡཱས་གཏམ་དེ་ཐོས་ནས་འཇིགས་ཏེ་ཨེ་ཅིབ་ཡུལ་དུ་བྲོས་སོ། ། 22 རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་གྱིས་ཨག་པོར་གྱི་བུ་ཨེལ་ན་ཐན་དང་བཅས་མི་འགའ་ཨེ་ཅིབ་ཡུལ་དུ་མངགས་ཏེ། 23 དེ་དག་གིས་ཨུ་རི་ཡཱ་ནི་ཨེ་ཅིབ་ཡུལ་ནས་བཟུང་སྟེ་རྒྱལ་པོ་ཡེ་ཧོ་ཡཱ་ཀིམ་གྱི་དྲུང་དུ་ཁྲིད་ཅིང་། རྒྱལ་པོས་དེ་རལ་གྲིས་བསད་ནས། དེའི་བམ་པོ་ནི་མི་སེར་དཀྱུས་མའི་དུར་ས་རུ་གཡུགས་པ་ཡིན། 24 འོན་ཀྱང་ཤཱ་ཕན་གྱི་བུ་ཨ་ཧི་ཀམ་གྱིས་ཡེ་རེམ་ཡཱ་བསྲུངས་ཏེ། མི་རྣམས་ཀྱི་ལག་ཏུ་གཏད་ནས་ཁོང་གསོད་དུ་མ་བཅུག་གོ །