ལེའུ་གཉིས་པ།
ཡེས་ར་ཨེལ་གྱིས་དཀོན་མཆོག་དོར་བ།
1 དཀོན་མཆོག་ཡ་ཝཱེའི་བཀའ་བདག་ལ་བྱུང་བ་འདི་ལྟ་སྟེ། 2 ཁྱོད་སོང་ལ་ཡེ་རུ་སཱ་ལེམ་གྱི་མི་རྣམས་ཀྱི་རྣ་ལམ་དུ་འདི་ལྟར་ཤོད་ཅིག དཀོན་མཆོག་ཡ་ཝཱེས་འདི་སྐད་གསུངས་ཏེ། ཁྱོད་ལོ་ན་གཞོན་པའི་བྱམས་བརྩེ་དང་། གཉེན་སྒྲིག་བྱས་མ་ཐག་གི་མཛའ་སེམས། དབེན་སྟོང་དང་ས་བོན་མ་གཏོར་བའི་ཡུལ་དུ་ཁྱོད་བདག་གི་རྗེས་སུ་ཇི་ལྟར་འབྲངས་པ་བཅས་ཐམས་ཅད་བདག་གིས་ཡིད་ལ་བཟུང་ཡོད་དེ། 3 དུས་དེར་ཡེས་ར་ཨེལ་ནི་ཡ་ཝཱེའི་དྲུང་དུ་དམ་པ་དང་ཁོང་གི་འབྲས་བུ་ཐོག་མ་ཡིན་ཏེ། སུ་ཞིག་གིས་དེ་ཁྱུར་མིད་བཏང་ན་ཐམས་ཅད་སྡིག་ཅན་དུ་བརྩིས་ནས། དེ་དག་གི་སྟེང་དུ་ཆག་སྒོ་འབྱུང་བར་འགྱུར་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། །
4 ཀྱེ་ཡ་ཀོབ་ཀྱི་ཁྱིམ་རྒྱུད་དང་ཡེས་ར་ཨེལ་ཁྱིམ་རྒྱུད་ཀྱི་རིགས་རྒྱུད་སོ་སོས་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག 5 དཀོན་མཆོག་ཡ་ཝཱེས་འདི་སྐད་དུ། ཁྱོད་ཅག་གི་ཕ་མེས་རྣམས་ཀྱིས་བདག་ལས་ཉེས་སྐྱོན་གང་ཞིག་མཐོང་ནས། བདག་དང་རིང་དུ་གྱེས་ཏེ་རིན་ཐང་མེད་པའི་ལྷ་རྣམས་ཀྱི་རྗེས་སུ་འབྲངས་པ་དང་། རང་ཉིད་ཀྱང་རིན་ཐང་མེད་པར་གྱུར་པ་ཡིན་ནམ། 6 ཡང་དེ་དག་གིས། ངེད་ཅག་ཨེ་ཅིབ་ཡུལ་ནས་ཡར་བཏོན་ཏེ། སུ་ཡང་འགྲོ་འདུག་མི་བྱེད་པའི་དབེན་སྟོང་དང་། བྱེ་ཐང་ས་དོང་ཅན་དང་སྐམ་སའི་སྨག་རུམ་ལས་ལམ་སྟོན་མཛད་པའི་དཀོན་མཆོག་ཡ་ཝཱེ་གང་དུ་བཞུགས་སམ་ཞེས་མ་དྲིས་སོ། ། 7 བདག་གིས་ཁྱོད་རྣམས་ས་བཅུད་འཛོམས་པའི་གནས་སུ་ཁྲིད་དེ། ཁྱོད་ཚོས་དེའི་ནང་གི་ཤིང་ཏོག་དང་ཟས་མཆོག་སྤྱོད་པར་བྱས་ནའང་། ཁྱོད་ཚོ་གནས་དེ་རུ་སླེབས་པ་ཙམ་གྱིས་བདག་གི་ཡུལ་ནི་མི་གཙང་བར་བཟོས་པ་དང་། བདག་གི་ནོར་སྐལ་ནི་ཞེན་ཁ་ལོག་པ་ཞིག་ཏུ་བཅོས་པ་ཡིན་ནོ། ། 8 མཆོད་དཔོན་རྣམས་ཀྱིས་ཀྱང་དཀོན་མཆོག་ཡ་ཝཱེ་གང་དུ་བཞུགས་སམ་ཞེས་མ་དྲིས་ལ། བཀའ་ཁྲིམས་ཀྱི་མཁན་པོ་རྣམས་ཀྱིས་བདག་ནི་ངོ་མི་ཤེས། འགོ་དཔོན་རྣམས་ཀྱིས་ཀྱང་བདག་ལ་ངོ་ལོག་བྱས་ཏེ། ལུང་སྟོན་པ་རྣམས་ཀྱིས་པཱ་ཨལ་ལ་བརྟེན་ནས་ལུང་བསྟན་ཞིང་སྙིང་པོ་མེད་པའི་འདྲ་སྐུ་དག་གི་རྗེས་སུ་འབྲངས་སོ་ཞེས་གསུངས་པའོ། ། 9 དེ་བས་བདག་གིས་ཁྱོད་རྣམས་དང་ཡང་བསྐྱར་རྩོད་དགོས་ཏེ། ཁྱོད་རྣམས་ཀྱི་བུ་རྒྱུད་རྣམས་ལའང་རྩོད་པར་བྱ་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 10 ཁྱོད་རྣམས་ཕར་ཀི་ཐིམ་མཚོ་ཡི་གླིང་ཕྲན་དུ་སོང་ལ་ལྟོས་ཤིག ཡང་ཀེ་དཱར་དུ་མི་མངགས་ནས་གཟབ་གཟབ་ངང་ཞིབ་དཔྱོད་གྱིས་དང་། དོན་འདི་འདྲ་སྔར་བྱུང་ཡོད་མེད་ལ་ལྟོས་ཤིག 11 མི་རིགས་གང་ཞིག་གིས་རང་གི་ལྷ་རྣམས་བརྗེས་པ་ཡིན་ནམ། དོན་དམ་དུ་དེ་དག་ནི་ལྷ་མ་ཡིན་ནོ། །ཡིན་ཡང་བདག་གི་མི་རྣམས་ཀྱིས་རང་གི་གཟི་བརྗིད་དེ་ཕན་ཐོགས་མེད་པའི་འདྲ་སྐུ་དང་བརྗེས་པའོ། ། 12 ཀྱེ་ནམ་མཁའི་དབྱིངས་རྣམས། འདིའི་ཕྱིར་ཧ་ལས་ཤིང་བླ་འདར་ནས་རབ་ཏུ་སྐྱོ་བར་གྱིས་ཤིག་ཅེས་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 13 ཅི་ལ་ཞེ་ན། བདག་གི་མི་རྣམས་ཀྱིས་སྤྱོད་ངན་གཉིས་སྤྱད་དེ། ཚེ་སྲོག་དང་ལྡན་པའི་ཆུ་མིག་ * འདིར་ཚེ་སྲོག་དང་ལྡན་པའི་ཆུ་མིག་ཅེས་པ་ནི་ཆུ་མིག་ལས་བཞུར་བའི་ཆུ་ནི་དྭངས་གཙང་ཡིན་ཞིང་མི་གསོ་བར་བྱེད་པ་ལ་འཇུགཡིན་པ་ང་རང་བསྐྱུར་ནས་རང་གི་དོན་དུ་ཆུ་དོང་བརྐོས་པ་དང་། ཆུ་དོང་དེ་ནི་ཞིག་རལ་དུ་སོང་ནས་ཆུ་མི་འཚོག་པའི་ཆུ་དོང་ཞིག་ཡིན་ནོ། །
14 ཡེས་ར་ཨེལ་ནི་གཡོག་པོའམ་ཁྱིམ་ལས་སྐྱེས་པའི་བྲན་པོ་ཡིན་ནམ། ཁོ་བཅོམ་ནོར་དུ་གྱུར་པ་ཅི་ཡིན་ནམ། 15 སེང་གེ་དར་མ་དག་གིས་དེ་ལ་ངར་སྐད་དང་ང་རོ་བསྒྲགས་ནས་དེའི་ཡུལ་འགུལ་དུ་བཅུག་པ་དང་། གྲོང་ཁྱེར་རྣམས་བཅོམ་སྟེ་མི་མེད་ལུང་སྟོང་དུ་ལུས་སོ། ། 16 ནོབ་པ་དང་ཐ་ཕན་ཧེ་སི་པ་རྣམས་ཀྱིས་ཁྱོད་ཀྱི་མགོ་བོ་གཅོག་པར་བྱེད་དེ། 17 འདི་ནི་ཁྱོད་ཀྱིས་རང་སྡུག་རང་གིས་ཉོས་པ་མ་ཡིན་ནམ། ཁྱོད་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ལ་ལམ་སྟོན་གནང་དུས་སུ་ཁྱོད་ཀྱིས་ཁོང་ཉིད་བསྐྱུར་བ་ཡིན། 18 ད་ལྟ་ཁྱོད་ཀྱིས་ཅིའི་ཕྱིར་ཨེ་ཅིབ་ལ་སོང་ནས་སི་ཧོར་གྱི་ཆུ་འཐུང་བ་དང་། ཨ་སུར་ལ་ཕྱིན་ཏེ་ཕི་རཱད་གཙང་པོའི་ཆུ་འཐུང་བ་ཡིན་ནམ། 19 ཁྱོད་ཀྱི་སྤྱོད་ངན་གྱི་ཕྱིར་ཁྱོད་ལ་ཉེས་ཆད་ཕོག་ཅིང་། ཁྱོད་ལོག་ལམ་དུ་ཞུགས་པས་ཁྱོད་ལ་བཀའ་བཀྱོན་ཐེབས་ངེས་ཡིན། ཁྱོད་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེ་ང་རང་དོར་ཏེ། བདག་ལ་གུས་ཤིང་འཇིགས་པའི་སེམས་མེད་པ་ནི་དངོས་གནས་ངན་པ་དང་སྡུག་བསྔལ་ཡིན་པར་མནོ་བསམ་ཐོངས་ལ་ཤེས་པར་གྱིས་ཞེས་དཔུང་ཚོགས་ཀུན་གྱི་གཙོ་བོ་དཀོན་མཆོག་ཡ་ཝཱེས་གསུངས་སོ། །
ཡེས་ར་ཨེལ་གྱིས་ཡ་ཝཱེར་བསྙེན་བཀུར་མི་བྱེད་པ།
20 ཁྱོད་ཀྱིས་གནའ་བོའི་དུས་ནས་རང་གི་གཉའ་ཤིང་བཅག་སྟེ་རང་གི་འཆིང་ཐག་བཅད་ནས་ན་རེ། ངས་ཁྱེད་ལ་ཞབས་ཏོག་མི་བསྒྲུབ་ཅེས་སྨྲས་པ་ལྟར། ཁྱོད་ཀྱིས་རི་མཐོན་པོ་རེ་རེའི་སྟེང་དང་སྔོ་ལྗང་གི་ལྗོན་ཤིང་རེ་རེའི་འོག་ཏུ་སྨད་འཚོང་མ་བཞིན་དུ་ལོག་གཡེམ་སྤྱད་པའོ། ། 21 བདག་གིས་ཁྱོད་འཛུགས་དུས་སུ་རྒུན་ཤིང་མཆོག་ཏུ་གྱུར་པ་དང་ས་བོན་ཆེས་དག་མ་ཡིན་ནའང་། ཁྱོད་ནི་ང་ཡི་མདུན་དུ་རི་སྐྱེས་རྒུན་ཤིང་གི་ཡལ་ག་རུལ་བ་ལྟར་གྱུར་པ་ཅི་ཡིན་ནམ། 22 ཁྱོད་ཀྱིས་བ་ཚྭ་དང་འདག་རྫས་ཀྱིས་གཙང་འཁྲུད་བྱས་ཀྱང་། ཁྱོད་ཀྱི་སྡིག་པའི་ཤུལ་ནི་ང་ཡི་མདུན་དུ་མངོན་པར་གྱུར་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 23 ཁྱོད་ཀྱིས་ང་ལ་སྐྱོན་ཅི་ཡང་མེད་དེ། པཱ་ཨལ་གྱི་རྗེས་སུ་ཡང་མ་འབྲངས་ཞེས་ཅི་ལྟར་སྨྲ་ནུས་སམ། ཁྱོད་ཀྱིས་ལུང་པའི་ནང་དུ་སྤྱད་པའི་སྤྱོད་པར་ལྟོས་ཤིག རང་ཉིད་ཀྱིས་གང་ཞིག་སྤྱད་པར་བསམ་བློ་ཐོངས་དང་། ཁྱོད་ནི་མྱུར་དུ་སྐྱོད་པའི་རྔ་མོང་དང་འདྲ་ཞིང་གང་སར་ཧར་རྒྱུག་བྱེད་དེ། 24 ཁྱོད་ནི་རྐྱང་དང་འདྲ་སྟེ་དབེན་སྟོང་ལ་གོམས་པ་དང་། འདོད་ཆགས་ལང་དུས་རླུང་གི་དྲི་སྣོམ་ཞིང་། འཁྲིག་སྲེད་ལང་དུས་སུ་ཞིག་གིས་འགོག་ནུས་སམ། དེ་འཚོལ་མཁན་རྣམས་ཀྱིས་ཤུགས་རྒྱག་མི་དགོས་ཏེ། དུས་སུ་སླེབས་ན་དེ་རྙེད་པར་འགྱུར། 25 ཁྱོད་རང་རྐང་རྗེན་དུ་ལུས་པ་དང་མིད་པ་སྐམ་པའི་བར་དུ་མ་འདུག་ཅིག ཡིན་ཡང་ཁྱོད་ན་རེ། ད་ནི་རེ་ཐག་ཆད་སོང་། ང་ནི་ལྷ་རྒྱུས་མེད་རྣམས་ལ་ཆགས་ནས་དེ་དག་གི་རྗེས་སུ་འགྲོ་དགོས་ཞེས་སྨྲས་སོ། །
26 རྐུན་མ་བཟུང་དུས་ངོ་ཚ་བ་བཞིན་དུ། ཡེས་ར་ཨེལ་གྱི་ཁྱིམ་རྒྱུད་དང་དེ་དག་གི་རྒྱལ་པོ། འགོ་དཔོན། མཆོད་དཔོན། ལུང་སྟོན་པ་རྣམས་ཀྱང་དེ་བཞིན་ངོ་ཚ་བར་འགྱུར། 27 དེ་དག་གིས་ཤིང་སྡོང་ལ་ཁྱོད་ནི་ངའི་ཕ་ཡིན་ཞེས་དང་། རྡོ་ལ་ཁྱོད་ཀྱིས་ང་བཙས་པ་ཡིན་ཞེས་སྨྲ་ཞིང་། དེ་དག་གིས་བདག་ལ་རྒྱབ་གཏད་ནས་ངའི་ཕྱོགས་སུ་མ་འཁོར། ཡིན་ནའང་དཀའ་སྡུག་ལ་འཕྲད་དུས་ཡར་བཞེངས་ནས་ངེད་རྣམས་སྐྱོབ་རོགས་ཞེས་ཞུ་བ་ཡིན། 28 ཁྱོད་ཀྱིས་རང་གི་དོན་དུ་བཟོས་པའི་ལྷ་རྣམས་གང་དུ་ཡོད་དམ། ཁྱོད་རང་དཀའ་སྡུག་ལ་འཕྲད་དུས་དེ་དག་ལ་ཁྱོད་སྐྱོབ་ཏུ་ཆུག་དང་། ཅི་ལ་ཞེ་ན། ཀྱེ་ཧོ་ཡ་ཧུ་དཱ། ཁྱོད་ལ་གྲོང་ཁྱེར་ག་ཚད་ཡོད་ན་ཁྱོད་ཀྱི་ལྷ་རྣམས་ཀྱང་དེ་བཞིན་མང་བའོ། ། 29 ཁྱོད་རྣམས་ཀྱིས་ཅིའི་ཕྱིར་བདག་དང་རྩོད་དམ། ཁྱོད་རྣམས་ཐམས་ཅད་བདག་དང་འགལ་བའོ་ཞེས་གསུངས་ཏེ། འདི་ནི་དཀོན་མཆོག་ཡ་ཝཱེས་གསུངས་པའོ། ། 30 བདག་གིས་ཁྱོད་ཀྱི་བུ་རྣམས་ལ་བརྡུངས་ནའང་དོན་མེད་ཡིན་ཏེ། དེ་དག་གིས་བསླབ་བྱ་དང་དུ་མ་བླངས། ཁྱོད་ཅག་གི་རལ་གྲིས་ལུང་སྟོན་པ་རྣམས་བསད་པ་ནི་མི་སྲོག་ལེན་པའི་སེང་གེ་བཞིན་ཡིན་ནོ། ། 31 ཀྱེ་དུས་རབས་འདི་ཡི་མི་རྣམས། ཁྱོད་ཚོས་དཀོན་མཆོག་ཡ་ཝཱེའི་གསུང་ལ་གཟབ་གཟབ་བྱས་ནས་ཉོན་དང་། ཡེས་ར་ཨེལ་ལ་མཚོན་ན་བདག་ནི་དབེན་སྟོང་དང་མུན་ནག་གི་ཁམས་སུ་གྱུར་པ་ཡིན་ནམ། ངའི་མི་རྣམས་ཀྱིས་ངེད་རྣམས་ལ་རང་དབང་ཐོབ་པས་ད་ནི་ཁྱེད་ཀྱི་དྲུང་དུ་མི་འོང་ཞེས་སྨྲ་བ་ཅི་ཡིན་ནམ། 32 ན་ཆུང་མས་རང་གི་རྒྱན་ཆ་བརྗེད་ནུས་སམ། བག་མས་རང་གི་བག་གོས་བརྗེད་ནུས་སམ། ཡིན་ནའང་ངའི་མི་རྣམས་ཀྱིས་ཉིན་ཞག་གྲངས་མེད་དུ་ང་རང་བརྗེད་དོ། ། 33 ཁྱོད་ནི་དགའ་གྲོགས་འཚོལ་བའི་ཐབས་ལམ་ལ་འདི་ལྟར་མཁས་ཏེ། ཐ་ན་བུད་མེད་ངན་པ་ལའང་ཁྱོད་ཀྱིས་རང་གི་ཐབས་ལམ་བསླབས་སོ། ། 34 ཁྱོད་ཀྱི་གྱོན་པའི་ཐུ་བའི་སྟེང་དུ་དབུལ་པོ་ཉེས་མེད་ཀྱི་ཁྲག་ཡོད་ལ། དེ་དག་གིས་ས་ཁུང་བརྐོས་ནས་ནང་ལ་འཛུལ་ཏེ་རྐུ་བྱེད་པ་ཁྱོད་ཀྱིས་མ་མཐོང་། དེ་ལྟར་ཡིན་ནའང་། 35 ཁྱོད་ཀྱིས་ད་དུང་ན་རེ། ང་ལ་ཉེས་པ་མེད་དེ། དཀོན་མཆོག་ཡ་ཝཱེ་ང་ལ་ཐུགས་ཁྲོས་མེད་ཅེས་ཟེར། ལྟོས་ཤིག བདག་གིས་ཁྱོད་ལ་ཉེས་ཆད་གཅོད་པར་བྱ་སྟེ། ཅི་ལ་ཞེ་ན། ཁྱོད་ཀྱིས་ངས་སྡིག་པ་མ་བྱས་ཟེར་བའི་རྐྱེན་གྱིས་སོ། ། 36 ཁྱོད་ཅིའི་ཕྱིར་ཡར་རྒྱུག་མར་རྒྱུག་བྱས་ཏེ་རང་གི་བགྲོད་ལམ་བསྒྱུར་བ་ཡིན་ནམ། སྔར་ཨ་སུར་ནས་ཁྱོད་སྐྱེངས་པར་གྱུར་པ་ལྟར། ཁྱོད་ཨེ་ཅིབ་ནས་ཀྱང་སྐྱེང་བར་འགྱུར། 37 ཡང་ཁྱོད་ཀྱིས་ལག་པ་གཉིས་ཀས་མགོ་བསྐྱོར་† འདིར་ལག་པ་གཉིས་ཀས་མགོ་བསྐྱོར་ཞེས་པ་ནི་ངོ་གནོངས་པའི་རྟགས་ཤིག་ཡིན།ནས་ཨེ་ཅིབ་ཡུལ་དང་འབྲལ་བར་འགྱུར། ཅི་ལ་ཞེ་ན། དཀོན་མཆོག་ཡ་ཝཱེས་ཁྱོད་ཀྱི་བརྟེན་ས་དེ་དོར་བས། དེ་དག་ལ་བརྟེན་ནས་ཁྱོད་ཀྱི་དོན་མི་འགྲུབ།
*ལེའུ་གཉིས་པ།:13 འདིར་ཚེ་སྲོག་དང་ལྡན་པའི་ཆུ་མིག་ཅེས་པ་ནི་ཆུ་མིག་ལས་བཞུར་བའི་ཆུ་ནི་དྭངས་གཙང་ཡིན་ཞིང་མི་གསོ་བར་བྱེད་པ་ལ་འཇུག
†ལེའུ་གཉིས་པ།:37 འདིར་ལག་པ་གཉིས་ཀས་མགོ་བསྐྱོར་ཞེས་པ་ནི་ངོ་གནོངས་པའི་རྟགས་ཤིག་ཡིན།