ལེའུ་སོ་དགུ་པ།
ཧི་ཟི་ཀི་ཡཱ་དང་པཱ་པེལ་ལོན་གྱི་བང་ཆེན།
1 དེའི་དུས་སུ། པཱ་པེལ་ལོན་གྱི་རྒྱལ་པོ་པལ་ཨ་དན་གྱི་བུ་སྟེ་མེ་རོ་དག་པལ་ཨ་དན་གྱིས་ཧི་ཟི་ཀི་ཡཱ་ལ་ནད་བྱུང་ནས་སངས་དྲག་ཏུ་གྱུར་པ་ཐོས་རྗེས། མི་མངགས་ནས་ཧི་ཟི་ཀི་ཡཱ་ལ་འཕྲིན་ཡིག་དང་ཕྱག་རྟེན་བསྐུར་པ་རེད། 2 དེར་ཧི་ཟི་ཀི་ཡཱ་ཤིན་ཏུ་དགའ་བར་གྱུར་ཏེ། རང་གི་གཏེར་མཛོད་ཀྱི་གསེར་དངུལ་དང་། སྤོས་དང་འབྱུག་སྣུམ་རིན་ཐང་ཅན། མཚོན་ཆའི་མཛོད་དང་གཏེར་མཛོད་ནང་དུ་ཅི་ཡོད་པ་ཐམས་ཅད་དེ་དག་ལ་བསྟན་ཏོ། །ཧི་ཟི་ཀི་ཡཱས་རང་གི་ཕོ་བྲང་དང་ཁོའི་རྒྱལ་ཁམས་ཡོངས་སུ་ནོར་རྫས་གང་ཡོད་ཐམས་ཅད་ལས་དེ་དག་ལ་མ་བསྟན་པ་གཅིག་ཀྱང་མེད་དོ། ། 3 དེ་ནས་ལུང་སྟོན་པ་ཡེ་ཤ་ཡཱ་རྒྱལ་པོ་ཧི་ཟི་ཀི་ཡཱའི་དྲུང་དུ་འོངས་ནས་ཁོ་ལ་ན་རེ། མི་དེ་ཚོས་ཅི་ཟེར་རམ། དེ་ཚོ་ཡུལ་གང་ནས་ཁྱོད་ཀྱི་མདུན་དུ་འོངས་པ་ཡིན་ནམ་ཞེས་དྲིས་པ་ལ། ཧི་ཟི་ཀི་ཡཱས། དེ་དག་ནི་རྒྱང་ཐག་རིང་བའི་པཱ་པེལ་ལོན་ནས་ང་དང་འཕྲད་དུ་འོངས་པ་རེད་ཅེས་སྨྲས་ཤིང་། 4 ཡེ་ཤ་ཡཱ་ཡིས་དེ་དག་གིས་ཁྱོད་ཀྱི་ཕོ་བྲང་ནས་ཅི་མཐོང་བ་ཡིན་ནམ་ཞེས་དྲིས་པའི་ལན་དུ། ཧི་ཟི་ཀི་ཡཱས་དེ་དག་གིས་ངའི་ཕོ་བྲང་དུ་ཅི་ཡོད་པ་ཐམས་ཅད་མཐོང་བ་ཡིན་ཏེ། དེ་དག་ལ་མ་བསྟན་པའི་ནོར་རྫས་གང་ཡང་ངའི་གཏེར་མཛོད་ནང་ལུས་མེད་ཅེས་སྨྲས་སོ། ། 5 དེར་ཡེ་ཤ་ཡཱས་ཧི་ཟི་ཀི་ཡཱ་ལ། དཔུང་ཚོགས་ཀུན་གྱི་དཀོན་མཆོག་ཡ་ཝཱེའི་བཀའ་ལ་ཉོན་ཅིག 6 ལྟོས་དང་། ཁྱོད་ཀྱི་ཕོ་བྲང་དུ་ཡོད་པ་ཐམས་ཅད་དང་། ཁྱོད་ཀྱི་ཕ་མེས་རྣམས་ཀྱིས་དེ་རིང་གི་བར་དུ་བསགས་པ་ཐམས་ཅད་ཅི་ཡང་མ་ལུས་པར་པཱ་པེལ་ལོན་དུ་འཁྱེར་བའི་དུས་ཤིག་སླེབས་འོང་ཞེས་དཀོན་མཆོག་ཡ་ཝཱེས་གསུངས། 7 ཡང་ཁྱོད་ལས་མཆེད་ཅིང་ཁྱོད་ལས་སྐྱེས་པའི་བུ་རྒྱུད་རྣམས་ལས་ཁ་ཅིག་བཙོན་དུ་ཁྲིད་ནས་པཱ་པེལ་ལོན་རྒྱལ་པོའི་ཕོ་བྲང་དུ་ཉུག་རུམ་པར་འགྱུར་རོ་ཞེས་སྨྲས་པ་ན། 8 ཧི་ཟི་ཀི་ཡཱས་ཡེ་ཤ་ཡཱ་ལ། ཁྱོད་ཀྱིས་གསུངས་པའི་དཀོན་མཆོག་ཡ་ཝཱེའི་གསུང་ནི་ལེགས་སོ་ཞེས་སྨྲས་པ་དང་། ཁོའི་སེམས་སུ་ངའི་ཉིན་མོ་རྣམས་ཞི་བདེ་དང་བརྟན་འཇགས་ཡོད་པ་མིན་ནམ་སྙམ་མོ། །