ལེའུ་བཅུ་པ།
1 ཡེས་ར་ཨེལ་ནི་ལོ་འདབ་རྒྱས་པའི་རྒུན་ཤིང་དང་འདྲ་ཞིང་འབྲས་བུ་མང་པོ་ཐོགས་པ་ཡིན། དེའི་འབྲས་བུ་ཇི་ལྟར་མང་ན་ཁོས་མཆོད་ཁྲི་ཡང་དེ་ལྟར་མང་དུ་བཞེངས་པ་དང་། དེའི་ས་ཇི་ལྟར་བཟང་ན་ཁོས་རྡོ་སྐུ་རྣམས་ཀྱང་དེ་ལས་ཡིད་དུ་འོང་བར་བཟོས་པའོ། ། 2 དེ་རྣམས་ཀྱི་སེམས་སུ་གཡོ་སྒྱུ་བཅངས་ཡོད་པས། ད་ལྟ་སྡིག་པའི་ཉེས་ཆད་འཁུར་དགོས་ཏེ། ཡ་ཝཱེས་དེ་དག་གི་མཆོད་ཁྲི་རྣམས་བཤིག་ནས་རྡོ་སྐུ་རྣམས་གཅོག་ངེས་ཡིན། 3 དེ་ནས་ཁོ་ཚོས་ངེད་རྣམས་ནི་དཀོན་མཆོག་ཡ་ཝཱེ་ལ་གུས་ཤིང་འཇིགས་པ་མིན་པས། ངེད་རྣམས་ལ་རྒྱལ་པོ་མེད་དེ། རྒྱལ་པོས་ངེད་རྣམས་ཀྱི་དོན་དུ་ཅི་ཞིག་བྱ་ནུས་སམ་ཞེས་སྨྲ་བར་འགྱུར་རོ། ། 4 དེ་དག་གིས་ཚིག་སྟོང་མང་པོ་སྨྲ་ཞིང་ཁ་ཆད་འཇོག་དུས་རྫུན་གྱི་མནའ་བསྐྱལ་བས། ཉེས་ཆད་ནི་ཞིང་གི་རོལ་བར་གྱི་དུག་རྩྭ་ལྟར་སྐྱེའོ། ། 5 པེད་ཨ་ཝེན་གྱི་བ་ཕྲུག་རྣམས་ཀྱི་དབང་གིས་སཱ་མར་ཡ་པ་རྣམས་འཇིགས་ནས། དེའི་ཡུལ་མི་རྣམས་དང་དེ་དག་ལ་དགའ་བའི་མཆོད་དཔོན་རྣམས་ཀྱིས་མྱ་ངན་བྱེད་པར་འགྱུར་ཏེ། རྒྱུ་མཚན་ནི་དེའི་གཟི་དཔལ་ཡལ་ཟིན་པས་སོ། ། 6 མི་རྣམས་ཀྱིས་བ་ཕྲུག་དེ་ནི་ཨ་སུར་ལ་ཁྱེར་ནས་རྒྱལ་པོ་ཡ་རབ་པི་ལ་སྐྱེས་སུ་འབུལ་བར་འགྱུར་ལ། ཨེ་ཕཱར་ཡིམ་ངོ་ཚ་ཞིང་། ཡེས་ར་ཨེལ་ནི་རང་གི་གྲོས་ཀྱིས་ཁ་སྐྱེངས་པར་འགྱུར། 7 སཱ་མར་ཡའི་རྒྱལ་པོ་ནི་ཆུ་ཁའི་ལྦུ་བ་ལྟར་མེད་པར་འགྱུར་ཏེ། 8 ཡེས་ར་ཨེལ་གྱི་སྡིག་པ་བྱེད་ས་སྟེ་ཨ་ཝེན་གྱི་མཐོ་གླིང་རྣམས་བཤིག་ནས། ཁོ་ཚོའི་མཆོད་ཁྲི་རྣམས་ཀྱི་ཁར་ཚེར་མ་དང་གཟེ་མ་ར་མགོ་སྐྱེ་བར་འགྱུར། ཡང་དེ་དག་གིས་རི་ཆེན་པོ་རྣམས་ལ་ངེད་ཅག་ཁོབས་ཤིག་ཅེས་དང་། རི་ཆུང་དག་ལ་ངེད་ཅག་གི་སྟེང་དུ་སྙིལ་ཅིག་ཅེས་ཟེར་བར་འགྱུར།
དཀོན་མཆོག་གིས་ཡེས་ར་ཨེལ་ལ་ཉེས་ཆད་གཅོད་པ།
9 ཀྱེ་ཡེས་ར་ཨེལ། གིབ་ཨའི་ཉིན་མོ་དག་གི་ཚུན་ལ་ཁྱོད་ཀྱིས་སྡིག་པ་བསགས་ཤིང་ཁྱོད་རྣམས་ད་དུང་དེ་རུ་བསྡད་ཡོད། སྡིག་ཉེས་ཚབས་ཆེ་བའི་མི་རབས་ལ་རྒོལ་བའི་འཐབ་མོ་དེ་གིབ་ཨའི་སྟེང་དུ་མི་འབྱུང་བ་ཡིན་ནམ། 10 ངས་རང་གི་འདོད་པ་ལྟར་དེ་རྣམས་ལ་ཉེས་ཆད་གཅོད་པ་དང་། དེ་དག་གིས་སྡིག་པ་ཉིས་བརྩེགས་ཁུར་ཏེ། མི་རྣམས་དེ་དག་གི་སྟེང་དུ་རུབ་པར་འགྱུར་རོ། ། 11 ཨེ་ཕཱར་ཡིམ་ནི་གཡུལ་གཅོག་པར་དགའ་བའི་བ་གཞོན་ཁ་ལོ་བཏུལ་ཟིན་པ་ཞིག་དང་འདྲ། ངས་དེའི་ཤ་ཤེད་རྒྱས་པའི་མཇིང་ལ་གཉའ་ཤིང་བཞག་ནས་ཨེ་ཕཱར་ཡིམ་འཛིན་ངེས་ལ། ཡ་ཧུ་དཱས་ཞིང་རྨོ་བ་དང་ཡ་ཀོབ་ཀྱིས་ཤལ་རྒྱག་དགོས། 12 ཁྱོད་རྣམས་ཀྱིས་རང་གི་དོན་དུ་དྲང་བདེན་གྱི་ས་བོན་བཏབ་ནས་ནམ་ཡང་འགྱུར་བ་མེད་པའི་བྱམས་བརྩེ་བརྔ་བར་གྱིས། ཁྱོད་ཚོས་ས་རྒོད་སློག་དགོས་ཏེ། ཁོང་ཕེབས་འོང་དུས་ཁྱོད་ཅག་གི་སྟེང་དུ་དྲང་བདེན་གྱི་ཆར་བ་འབབ་ངེས་ཤིང་། ད་ལྟ་ནི་དཀོན་མཆོག་ཡ་ཝཱེ་འཚོལ་བའི་དུས་ཡིན་ནོ། ། 13 ཁྱོད་ཚོས་ངན་པ་རྨོས་ནས་སྡིག་ཉེས་བརྔས་པ་དང་། རྫུན་གྱི་འབྲས་བུ་ཟོས་སོ། །ཅི་ལ་ཞེ་ན། ཁྱོད་ཀྱིས་རང་གི་འདོད་པ་དང་རང་གི་དཔའ་བོའི་དཔུང་ལ་བློ་གཏད་དོ། ། 14 དེའི་ཕྱིར་ཁྱོད་ཚོའི་མི་རིགས་ཀྱི་ནང་དུ་ཟིང་ཆ་ལངས་ནས། ཁྱོད་ཀྱི་བཙན་རྫོང་ཐམས་ཅད་བཤིག་པར་འགྱུར་ཏེ། དེ་ནི་ཤལ་མན་གྱིས་འཐབ་མོའི་ཉིན་མོར་པེད་ཨར་པེལ་བཤིག་ནས་མ་བུ་གཉིས་སར་བརྡབས་ཏེ་དུམ་བུར་བཅག་པ་བཞིན་ཡིན་ནོ། ། 15 ཀྱེ་པེད་ཨེལ། ཁྱོད་རྣམས་ཀྱི་སྡིག་ཉེས་ཚབས་ཆེ་བས་དེ་ལྟར་འབྱུང་ངེས་ལ། སྐྱ་རེངས་ཤར་དུས་ཡེས་ར་ཨེལ་གྱི་རྒྱལ་པོ་རྩ་ནས་མེད་པར་འགྱུར་རོ། །