ལེའུ་ཉེར་དྲུག་པ།
ཡ་ཧུ་དཱའི་རྒྱལ་པོ་ཨུ་ཟི་ཡཱ།
དེ་ནས་ཡ་ཧུ་དཱའི་མི་ཐམས་ཅད་ཀྱིས་དགུང་ལོ་བཅུ་དྲུག་ཡིན་པའི་ཨུ་ཟི་ཡཱ་ནི་ཁོང་གི་ཕ་ཨ་མཱ་ཙི་ཡའི་ཚབ་ཏུ་རྒྱལ་པོར་བསྐོས་པ་དང་། རྒྱལ་པོ་ཨ་མཱ་ཙི་ཡ་རང་གི་ཕ་མེས་དང་མཉམ་དུ་གཟིམས་པའི་རྗེས་སུ། ཨུ་ཟི་ཡཱ་ཡིས་ཨེ་ལོད་སླར་ཡང་ཞིག་གསོ་མཛད་ཅིང་ཡ་ཧུ་དཱ་ལ་དབང་བར་བྱས། ཨུ་ཟི་ཡཱ་རྒྱལ་སར་བསྐོ་དུས་ལོ་བཅུ་དྲུག་ཡིན་པ་དང་། ཡེ་རུ་སཱ་ལེམ་དུ་ལོ་ལྔ་བཅུ་ང་གཉིས་རིང་རྒྱལ་སྲིད་བསྐྱངས། ཁོང་གི་ཡུམ་གྱི་མིང་ལ་ཡེ་ཀོལ་ཡཱ་ཟེར་ཞིང་། མོ་ནི་ཡེ་རུ་སཱ་ལེམ་གྱི་མི་ཡིན་ནོ། ། ཁོང་གིས་རང་གི་ཡབ་ཨ་མཱ་ཙི་ཡའི་བྱ་སྤྱོད་བཞིན་དུ། དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ལེགས་པོ་གང་ཡིན་དེ་སྤྱད་པ་རེད། ཟཱ་ཀར་ཡ་ཡིས་ཨུ་ཟི་ཡཱ་ལ་དཀོན་མཆོག་ལ་གུས་ཤིང་འཇིགས་དགོས་པའི་བསླབ་བྱ་གནང་བ་དང་། ཁོང་གསོན་པའི་དུས་སུ་ཨུ་ཟི་ཡཱས་དུས་རྟག་ཏུ་དཀོན་མཆོག་བཙལ་ཞིང་། ཁོང་གིས་དཀོན་མཆོག་ཡ་ཝཱེ་འཚོལ་བའི་དུས་སུ། དཀོན་མཆོག་གིས་དེའི་བསམ་དོན་ལྷུན་གྱིས་འགྲུབ་པར་མཛད་དོ། ། ཁོང་ཕྱི་རུ་སོང་སྟེ་ཕེ་ལེ་ཤེད་པ་རྣམས་ལ་འཐབ་ཅིང་། གཱད་དང་ཡབ་ནེ། ཨ་སི་དོད་བཅས་ཀྱི་ལྕགས་རི་དག་བཤིགས་ཏེ། ཨ་སི་དོད་ཀྱི་མངའ་ཁོངས་སུ་ཕེ་ལེ་ཤེད་པའི་ཁྲོད་དུ་གྲོང་ཁྱེར་རྣམས་བཙུགས། ཡང་དཀོན་མཆོག་གིས་དེ་ལ་གྲོགས་མཛད་ནས་ཕེ་ལེ་ཤེད་པ་དང་། གུར་བ་ཨལ་དུ་གནས་པའི་ཨ་རབ་པ་དང་མེ་ཨུན་པར་ངོ་རྒོལ་བྱས། ཨམ་མོན་པས་ཨུ་ཟི་ཡཱ་ལ་དཔྱ་ཁྲལ་ཕུལ་བ་དང་། ཁོང་ཧ་ཅང་དར་རྒྱས་སུ་ཕྱིན་པས་ཁོང་གི་མཚན་སྙན་གྲགས་ཨེ་ཅིབ་ཀྱི་བར་དུ་རྒྱས་པ་རེད། ཡང་ཨུ་ཟི་ཡཱས་ཡེ་རུ་སཱ་ལེམ་གྱི་གྲུ་ཁའི་རྟ་སྒོ་དང་ལུང་པའི་རྟ་སྒོ། ལྕགས་རིའི་གྲུ་ཟུར་བཅས་ལ་མཁར་བརྩིགས་ནས་ཤིན་ཏུ་བརྟན་པོར་མཛད་ཅིང་། 10 དབེན་སྟོང་དུའང་སོ་ལྟའི་མཁར་བརྩིགས་ཏེ། རྫིང་བུ་མང་ཙམ་བྲུས། གང་ལ་ཞེ་ན། དེར་རི་ཀླུང་དང་ཐང་ལ་ཕྱུགས་མང་པོ་ཡོད་པས་སོ། །ཡང་ཁོང་ནི་སོ་ནམ་ལ་དགའ་བས། རི་ཁུལ་དང་གཤིན་ས་རུ་ཞིང་པ་དང་རྒུན་ཚལ་བདག་གཉེར་བྱེད་མཁན་མང་པོ་བཞག 11 ཡང་ཨུ་ཟི་ཡཱ་ལ་དམག་མི་རྩལ་ཅན་མང་པོ་ཡོད་པ་དེ་རྣམས་དྲུང་ཡིག་ཡེ་ཨི་ཨེལ་བྱ་བ་དང་འགོ་དཔོན་མ་ཨ་སེ་ཡཱ་གཉིས་ཀྱིས་རྩིས་གྲངས་བླངས་པའི་ཐོ་བཞིན་དུ། རྒྱལ་པོའི་དམག་དཔོན་ནང་གི་ཧ་ནན་ཡཱའི་ལག་འོག་ཏུ་རུ་བསྒྲིགས་ནས་འཐབ་མོར་འགྲོ་བ་ཡིན། 12 དམག་མི་དཔའ་རྩལ་ཅན་དེ་དག་ཁྲོད་གྱི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་རྣམས་ཀྱི་བསྡོམས་གྲངས་ནི་ཉིས་སྟོང་དྲུག་བརྒྱ་ཡོད་པ་ཡིན། 13 དེ་དག་གི་ལག་འོག་ཏུ་རྒྱལ་པོར་རོགས་བྱས་ནས་དགྲ་ལ་རྒོལ་བའི་དམག་དཔུང་དཔའ་རྩལ་ཅན་སུམ་འབུམ་བདུན་སྟོང་ལྔ་བརྒྱ་ཡོད་པ་ཡིན། 14 ཨུ་ཟི་ཡཱས་དམག་ཚོགས་ཀུན་གྱི་ཕྱིར་ཕུབ་དང་། མདུང་དང་། ཁྲབ་རྨོག་དང་། མདའ་གཞུ་དང་། འུར་རྡོ་སོགས་གྲ་སྒྲིག་བྱས། 15 ཡང་ཁོང་གིས་ཡེ་རུ་སཱ་ལེམ་གྱི་མཁར་དང་ལྕགས་རི་ལས་མདའ་དང་རྡོ་ཆེན་པོ་འཕེན་པའི་ཕྱིར། འཕྲུལ་ཆས་བཟོ་མཁན་ལ་སྒྱོགས་ཀྱི་འཕྲུལ་འཁོར་བཟོ་རུ་བཅུག ཁོང་ལ་རོགས་རམ་ངོ་མཚར་བ་ཐོབ་ནས་ཧ་ཅང་དར་རྒྱས་སུ་ཕྱིན་པས་ཁོང་གི་མཚན་སྙན་རྒྱང་རིང་དུ་གྲགས་སོ། །
ཨུ་ཟི་ཡཱ་ང་རྒྱལ་སྐྱེས་པས་ཡ་ཝཱེས་དེ་ལ་བརྡུངས་པ།
16 འོན་ཀྱང་ཨུ་ཟི་ཡཱ་དར་ཞིང་རྒྱས་པའི་དུས་སུ། ཁོང་གི་སེམས་ལ་ང་རྒྱལ་གྱིས་ཁེངས་པས་ངན་པར་གྱུར་ཏེ། ཐ་ན་ཡ་ཝཱེ་སྟེ་རང་གི་དཀོན་མཆོག་ལའང་བློ་ལོག་ནས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་ནང་དུ་བདུག་སྤོས་ཀྱི་མཆོད་ཁྲིའི་ཁར་སྤོས་བདུག་ཏུ་སོང་། 17 མཆོད་དཔོན་ཨ་ཟར་ཡཱ་དང་དཀོན་མཆོག་ཡ་ཝཱེའི་མཆོད་དཔོན་བརྒྱད་ཅུ་ཁོང་གི་རྗེས་འབྲངས་ནས་ནང་ལ་ཕྱིན་པ་དང་། དེ་ཐམས་ཅད་དཔའ་བོ་ཡིན་ནོ། ། 18 དེར་དེ་དག་གིས་རྒྱལ་པོ་ཨུ་ཟི་ཡཱ་བཀག་ནས་ན་རེ། ཀྱེ་ཨུ་ཟི་ཡཱ། དཀོན་མཆོག་ཡ་ཝཱེ་ལ་སྤོས་བདུག་པ་ནི་ཁྱེད་ཀྱི་ལས་ཀ་མིན་ཏེ། དེ་ནི་སྤོས་བདུག་པའི་དོན་དུ་དམ་པར་བྱས་པའི་མཆོད་དཔོན་ནམ། ཨ་རོན་གྱི་བུ་རྒྱུད་དག་གི་ལས་ཀ་ཡིན་ནོ། །ཁྱེད་ཀྱིས་ལོག་སྤྱོད་སྤེལ་བས་དམ་པའི་གནས་ལས་ཕྱིར་བུད་དང་། དོན་འདིའི་རྐྱེན་གྱིས་ཁྱེད་ལ་ཡ་ཝཱེ་དཀོན་མཆོག་ལས་བཀུར་སྟི་མི་འཐོབ་བོ་ཞེས་སྨྲས་པ་ལ། 19 ཨུ་ཟི་ཡཱ་ཁྲོས་ནས་སྤོས་ཕོར་ལག་ཏུ་བཟུང་ནས་སྤོས་བདུག་པར་བརྩམས་པ་དང་། དེ་མཆོད་དཔོན་རྣམས་ལ་ཁྲོས་པ་ཙམ་གྱིས། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་སྤོས་ཁྲིའི་འགྲམ་ལ་མཆོད་དཔོན་དག་གི་མདུན་དུ་དེའི་དཔྲལ་བར་མཛེ་ཐོན། 20 དེར་མཆོད་དཔོན་ཆེན་པོ་ཨ་ཟར་ཡཱ་དང་མཆོད་དཔོན་གཞན་ཀུན་གྱིས་དེ་ལ་བལྟས་པ་དང་། དེའི་དཔྲལ་བར་མཛེ་ཐོན་པ་མཐོང་ནས། དེ་མྱུར་དུ་མཆོད་ཁང་ལས་བཏོན་པ་རེད། ཁོང་ཡང་མྱུར་དུ་ཕྱི་རུ་ཐོན། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེས་དེ་ལ་བརྡུངས་པས་སོ། ། 21 དེ་ལྟར་རྒྱལ་པོ་ཨུ་ཟི་ཡཱ་འཆི་བའི་བར་དུ་མཛེ་ནད་བྱུང་ནས་ལུས། ཁོང་ནི་མཛེ་ནད་ཅན་ཡིན་པས་ཟུར་དུ་ཁང་པ་ཞིག་གི་ནང་བསྡད་ཅིང་། དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དུ་འགྲོ་མི་ཆོག་པ་ཡིན། དེ་ནས་ཁོང་གི་སྲས་ཡོ་ཐམ་གྱིས་རྒྱལ་པོའི་ཁྱིམ་རྒྱུད་ལ་བདག་གཉེར་མཛད་པ་དང་། མི་ཀུན་ལ་ཡང་བདག་སྐྱོང་མཛད། 22 ཨུ་ཟི་ཡཱའི་མཛད་རྗེས་གཞན་རྣམས་འགོ་ནས་མཇུག་བར་དུ་ཨ་མོ་ཟིའི་བུ་ལུང་སྟོན་པ་ཡེ་ཤ་ཡཱས་ཡི་གེར་བཀོད་ཡོད། 23 དེ་ནས་ཨུ་ཟི་ཡཱ་ཕ་མེས་དང་མཉམ་དུ་གཟིམས་པ་དང་། མི་རྣམས་ཀྱིས་ཁོང་ནི་མཛེ་ཅན་ཡིན་ནོ་ཞེས་སྨྲས་པས་ན། ཁོང་ཉིད་རྒྱལ་པོར་གཏོགས་པའི་ཐང་གི་དུར་ཁྲོད་དུ་སྦས་པ་དང་། དེའི་སྲས་ཡོ་ཐམ་གྱིས་ཁོང་གི་ཚབ་ཏུ་རྒྱལ་སྲིད་བསྐྱངས་པའོ། །