ལེའུ་བཅུ་དྲུག་པ།
ཡ་ཧུ་དཱ་དང་ཡེས་ར་ཨེལ་གཉིས་དམག་བརྒྱབ་པ།
1 ཨ་སཱས་རྒྱལ་སྲིད་བསྐྱངས་པའི་ལོ་སོ་དྲུག་པར། ཡེས་ར་ཨེལ་གྱི་རྒྱལ་པོ་པཱ་ཤ་ཡིས་ཡར་ཡ་ཧུ་དཱ་ལ་དམག་དྲངས་ནས། ཡ་ཧུ་དཱའི་རྒྱལ་པོ་ཨ་སཱའི་དྲུང་དུ་མི་གང་ཡང་འགྲོ་འོང་གི་འགྲུལ་སྐྱོད་མི་བྱེད་པའི་ཕྱིར་རཱ་མ་བྱ་བ་བརྩིགས། 2 དེ་ནས་ཨ་སཱས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་དང་རྒྱལ་པོའི་ཕོ་བྲང་གི་གཏེར་མཛོད་ནས་གསེར་དངུལ་ཕྱུང་སྟེ། དཱ་མེ་སེག་ཏུ་གནས་པའི་ཨ་རམ་གྱི་རྒྱལ་པོ་པེན་ཧ་དཱད་ལ་བསྐུར་ནས་འདི་ལྟར། 3 ངའི་ཕ་དང་ཁྱེད་ཀྱི་ཕ་གཉིས་ཀྱི་བར་དུ་སྔར་ཆད་དོན་བཞག་ཡོད་པས། འུ་གཉིས་ཀྱིས་ཀྱང་ཆད་དོན་འཇོག་དགོས་ཏེ། ད་ལྟ་ངས་ཁྱེད་ལ་གསེར་དང་དངུལ་བསྐུར་བ་ཡིན། ཡེས་ར་ཨེལ་གྱི་རྒྱལ་པོ་པཱ་ཤ་ངའི་མདུན་ནས་འགྲོ་བའི་ཕྱིར། ཁྱེད་ཀྱིས་དེ་དང་བཞག་པའི་ཆད་དོན་དེ་སྤང་བར་མཛོད་ཅིག་ཅེས་སྨྲས་པ་དང་། 4 པེན་ཧ་དཱད་ཀྱིས་རྒྱལ་པོ་ཨ་སཱའི་གཏམ་ལ་མཉན་ཏེ། རང་གི་དམག་དཔུང་སོ་སོའི་དམག་དཔོན་རྣམས་ཡེས་ར་ཨེལ་གྱི་གྲོང་ཁྱེར་རྣམས་ལ་རྒོལ་བར་བཏང་ནས། དེ་དག་གིས་ཨི་ཡོན་དང་། དཱན་དང་། ཨ་བེལ་མཱ་ཡིམ་བཅས་དང་། ནཱབ་ཐ་ལི་ཡི་གཏེར་མཛོད་ཡིན་པའི་གྲོང་ཁྱེར་ཐམས་ཅད་དབང་དུ་བསྡུས་པ་རེད། 5 པཱ་ཤས་གཏམ་དེ་ཐོས་པ་ཙམ་གྱིས། རཱ་མ་བརྩིག་མཚམས་བཞག་པ་དང་། ཨར་ལས་ཐམས་ཅད་མཚམས་བཞག 6 དེ་ནས་རྒྱལ་པོ་ཨ་སཱས་ཡ་ཧུ་དཱའི་མི་ཐམས་ཅད་ཁྲིད་དེ། པཱ་ཤས་རཱ་མ་བརྩིག་བྱེད་ཀྱི་རྡོ་དང་གདུང་མ་རྣམས་སྤར་ནས། དེས་གེ་བཱ་དང་མཱས་ཟི་ཕཱ་གཉིས་བརྩིགས་སོ། །
ཧཱ་ན་ནེའི་ལུང་བསྟན།
7 དེའི་དུས་སུ་མངོན་ཤེས་པ་ཧ་ནཱ་ནེ་ཞེས་པ་ཡ་ཧུ་དཱའི་རྒྱལ་པོ་ཨ་སཱའི་དྲུང་དུ་འོངས་ཏེ་ན་རེ། ཁྱོད་རང་ཨ་རམ་རྒྱལ་པོར་བརྟེན་ནས་རང་གི་དཀོན་མཆོག་ཡ་ཝཱེ་ལ་མ་བརྟེན་པའི་རྐྱེན་གྱིས། ཨ་རམ་རྒྱལ་པོའི་དམག་དཔུང་དེ་ཁྱོད་ལས་ཐར་བ་ཡིན། 8 གུ་ཤ་པ་དང་ལེབ་ཡཱ་པའི་དམག་དཔུང་ནི་རབ་ཏུ་སྟོབས་ཆེན་མ་ཡིན་ནམ། ཁོ་ཚོར་ཤིང་རྟ་དང་སྐྱ་དམག་ཤིན་ཏུ་མང་བ་མ་ཡིན་ནམ། ཁྱོད་རང་དཀོན་མཆོག་ཡ་ཝཱེ་ལ་བརྟེན་པས། ཁོང་གིས་དེ་རྣམས་ཁྱོད་ཀྱི་ལག་ཏུ་གཏད་པ་ཡིན། 9 གང་ལ་ཞེ་ན། དཀོན་མཆོག་ཡ་ཝཱེའི་སྤྱན་གྱིས་ས་གཞི་ཡོངས་ལ་གཟིགས་ཏེ། ཁོང་གི་ཕྱོགས་ལ་བློ་གཅིག་སེམས་གཅིག་ཡིན་པ་རྣམས་ནི་ཁོང་གིས་ནུས་མཐུ་ཆེན་པོས་སྐྱོར་བ་ཡིན། ཁྱོད་ཀྱིས་དེ་བཞིན་བྱས་པ་ནི་གླེན་པ་ཤ་སྟག་ཡིན་ལ། ཕྱིན་ཆད་ཁྱོད་ལ་དམག་འཁྲུག་རྒྱུན་མི་ཆད་ཅེས་སྨྲས་པ་དང་། 10 ཨ་སཱ་ནི་མངོན་ཤེས་པ་དེ་ལ་ཁྲོས་ཤིང་། དོན་དེའི་རྐྱེན་གྱིས་ཨ་སཱ་རབ་ཏུ་ཁྲོས་པས་ཁོང་བཙོན་དུ་བཅུག་པ་དང་། སྐབས་དེར་ཨ་སཱས་འབངས་མི་ཁ་ཤས་ལ་ཡང་གཉའ་གནོན་བྱས་སོ། །
ཨ་སཱ་ཚེ་ལས་འདས་པ།
11 ཨ་སཱའི་མཛད་རྗེས་རྣམས་འགོ་ནས་མཇུག་བར་དུ་ཐམས་ཅད་ཡ་ཧུ་དཱ་དང་ཡེས་ར་ཨེལ་གྱི་རྒྱལ་པོའི་རྒྱལ་རབས་ཀྱི་མདོ་རུ་ཡི་གེར་བཀོད་ཡོད་དོ། ། 12 ཡང་ཨ་སཱས་རྒྱལ་སྲིད་བསྐྱངས་པའི་ལོ་སོ་དགུ་པར། ཁོང་གི་རྐང་པ་ན་ཞིང་ནད་ཤིན་ཏུ་ཚབས་ཆེན་ཡིན་ནའང་ཁོང་གིས་ན་ཚ་བྱུང་བའི་དུས་སུའང་དཀོན་མཆོག་ཡ་ཝཱེ་མ་བཙལ་བར་སྨན་པ་འབའ་ཞིག་བཙལ། 13 ཁོང་གིས་ལོ་ཞེ་གཅིག་ལ་རྒྱལ་སྲིད་བསྐྱངས་ནས་ཚེ་ལས་འདས་པ་དང་། ཁོང་ཕ་མེས་རྣམས་དང་ལྷན་ཅིག་གཟིམས་པ་དང་། 14 དེ་དག་གིས་ཁོང་ནི་དཱ་བིད་ཀྱི་གྲོང་ཁྱེར་དུ་ཁོང་གིས་རང་གི་ཕྱིར་བརྐོས་པའི་དུར་ཁུང་ནང་དུ་སྦས་ཏེ། སྤོས་སྦྱོར་བ་རྣམས་ཀྱིས་སྦྱར་བའི་དྲི་ཞིམ་དང་སྤོས་རིགས་སྣ་འཛོམས་ཀྱིས་བཀང་བའི་ཁྱོགས་ཤིང་སྟེང་དུ་བཞག་ནས། ཡང་ཁོང་གི་ཕྱིར་མེ་ཆེན་པོ་བཏང་བའོ། །