ལེའུ་བཅུ་དྲུག་པ།
དཀོན་མཆོག་ཡ་ཝཱེས་རྒྱལ་པོ་པཱ་ཤ་ཡི་སྐོར་ནས་ཡེ་ཧུ་ལ་བཀའ་གནང་བ།
1 དེ་ནས་དཀོན་མཆོག་ཡ་ཝཱེའི་བཀའ་ནི་ཧ་ནཱ་ནེ་ཡི་བུ་ཡེ་ཧུ་ཞེས་པ་ལ་བྱུང་སྟེ་པཱ་ཤ་ལ་བཀའ་བཀྱོན་མཛད་ནས་འདི་སྐད་དུ། 2 ངས་ཁྱོད་ཐལ་རྡུལ་ནས་ཡར་བཀྱགས་ཏེ། འབངས་མི་ཡེས་ར་ཨེལ་གྱི་འགོ་དཔོན་བྱེད་དུ་བསྐོས་ནའང་། ཁྱོད་ནི་ཡེ་རོབ་ཨམ་གྱི་སྤྱོད་ལམ་དུ་སོང་ཞིང་བདག་གི་འབངས་མི་ཡེས་ར་ཨེལ་ལ་སྡིག་པ་བྱེད་དུ་བཅུག་ནས། དེ་རྣམས་ཀྱི་སྡིག་ཉེས་ཀྱིས་བདག་ལ་ཁོང་ཁྲོ་བསླངས། 3 ལྟོས་དང་། ངས་པཱ་ཤ་དང་ཁོའི་ཁྱིམ་ཚར་གཅོད་བྱེད་ཅིང་། ཁྱོད་ཀྱི་ཁྱིམ་ནི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་ཁྱིམ་དང་འདྲ་བར་བྱེད་པ་དང་། 4 པཱ་ཤ་ཡི་ཁྱིམ་ལས་སུ་ཞིག་གྲོང་ཁྱེར་དུ་ཤི་ན་དེ་ནི་ཁྱི་ཡིས་འཆའ་བ་དང་། སུ་ཞིག་ཐང་དུ་ཤི་ན་དེ་ནི་ནམ་མཁའི་བྱ་ཡིས་བཟའ་བར་འགྱུར་ཞེས་གསུངས་སོ། ། 5 ཡང་པཱ་ཤ་ཡི་བྱས་རྗེས་གཞན་རྣམས་དང་། ཁོས་ཅི་བྱས་པ་དང་། ཁོའི་དཔའ་རྩལ་ཐམས་ཅད་ནི་ཡེས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོ་ཡི་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། 6 དེ་ནས་པཱ་ཤ་རང་གི་ཕ་མེས་རྣམས་དང་མཉམ་དུ་གཟིམས་པ་དང་། ཐིར་ཙ་རུ་དུར་ལ་སྦས། ཡང་ཁོའི་བུ་ཨེ་ལཱ་ཡིས་ཁོའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། ། 7 གཞན་ཡང་། ཧ་ནཱ་ནེའི་བུ་སྟེ་ལུང་སྟོན་པ་ཡེ་ཧུ་བརྒྱུད་ནས་དཀོན་མཆོག་ཡ་ཝཱེས་པཱ་ཤ་དང་ཁོའི་ཁྱིམ་གྱི་སྐོར་ལ་བཀའ་གནང་ངོ་། །ཅིའི་ཕྱིར་ཞེ་ན། ཁོས་ཡེ་རོབ་ཨམ་གྱི་ཁྱིམ་དང་འདྲ་བར་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ནས། རང་གི་ལག་པས་བྱས་པའི་ལས་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་ཐུགས་དཀྲུགས་པ་དང་། ཡང་ཁོས་ཡེ་རོབ་ཨམ་གྱི་རིགས་རྒྱུད་བསད་པའི་ཕྱིར་རོ། །
ཨེ་ལཱ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྡད་པ།
8 ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་སྲིད་ལོ་ཉེར་དྲུག་པར། པཱ་ཤ་ཡི་བུ་ཨེ་ལཱ་ནི་ཐིར་ཙ་རུ་ལོ་གཉིས་ཀྱི་རིང་ལ་ཡེས་ར་ཨེལ་གྱི་རྒྱལ་པོར་བསྡད། 9 འོན་ཀྱང་ཁོས་ཐིར་ཙའི་ནང་བློན་ཨར་ཙ་ཞེས་པའི་ཁྱིམ་དུ་ཆང་འཐུང་ནས་ར་བཟི་བ་དང་། ཁོའི་ཤིང་རྟ་ཕྱེད་ཀའི་དམག་དཔོན་ཟིམ་རེ་བྱ་བས་ཁོ་ལ་ལྐོག་གཤོམ་བྱས་ཏེ། 10 ཡ་ཧུ་དཱའི་རྒྱལ་པོ་ཨ་སཱའི་སྲིད་ལོ་ཉེར་བདུན་པར། ཟིམ་རེ་ནང་དུ་སོང་སྟེ་ཨེ་ལཱ་ལ་བརྡུངས་ནས་བསད་དེ་ཁོའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། ། 11 ཟིམ་རེས་རྒྱལ་སྲིད་བཟུང་ནས་རྒྱལ་ཁྲིར་བསྡད་པ་ཙམ་གྱིས་པཱ་ཤ་ཡི་ནང་མི་ཐམས་ཅད་བསད་པ་དང་། ཐ་ན་ཁོའི་གཉེན་ཉེ་དང་གྲོགས་རྣམས་ལས་སྐྱེས་པ་གཅིག་ཀྱང་མ་ལུས་པར་བསད་དོ། ། 12 དཀོན་མཆོག་ཡ་ཝཱེས་ལུང་སྟོན་པ་ཡེ་ཧུ་བརྒྱུད་ནས་པཱ་ཤ་ལ་བཀའ་བཀྱོན་མཛད་པའི་གསུང་བཞིན་དུ་ཟིམ་རེ་ཡིས་པཱ་ཤ་ཡི་རྒྱུད་ཐམས་ཅད་མེད་པར་བྱས་སོ། ། 13 ཅི་ལ་དེ་ལྟར་བྱུང་ཞེ་ན། པཱ་ཤ་རང་ཉིད་དང་ཁོའི་བུ་ཨེ་ལཱ་ཡིས་བྱས་པའི་སྡིག་ཉེས་ཏེ། ཁོ་ཚོ་རང་གིས་བྱས་པའི་སྡིག་ཉེས་དང་། དེ་དག་གིས་ཡེས་ར་ཨེལ་པ་རྣམས་སྡིག་པར་ལྷུང་དུ་བཅུག་པའི་སྡིག་པ་དེ་དག་དང་། སྙིང་པོ་མེད་པའི་སྐུ་འདྲ་རྣམས་ཀྱིས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་ཐུགས་དཀྲུགས་པའི་ཕྱིར་རོ། ། 14 ཨེ་ལཱ་ཡི་བྱས་རྗེས་གཞན་རྣམས་དང་ཁོས་ཅི་བྱས་པ་ཐམས་ཅད་ནི་ཡེས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོ་ཡི་ནང་དུ་བཀོད་ཡོད་པ་མ་ཡིན་ནམ།
ཟིམ་རེ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྡད་པ།
15 ཡ་ཧུ་དཱའི་རྒྱལ་པོ་ཨ་སཱའི་སྲིད་ལོ་ཉེར་བདུན་པར། ཟིམ་རེ་ནི་ཐིར་ཙ་རུ་ཉིན་ཞག་བདུན་གྱི་རིང་ལ་རྒྱལ་པོར་བསྡད། དེའི་སྐབས་སུ་མི་ཚོགས་ཀྱིས་སྒར་ཕབ་ནས་ཕེ་ལེ་ཤེད་པའི་གྲོང་ཁྱེར་གིབ་བེ་ཏོན་བསྐོར་ནས་དེར་དཔུང་འཇུག་བྱས་སོ། ། 16 དེ་ནས་སྒར་ཕབ་པའི་མི་ཚོགས་ཀྱིས། ཟིམ་རེ་ཡིས་ལྐོག་གཤོམ་བྱས་ཏེ་རྒྱལ་པོ་བསད་དོ་ཞེས་པ་ཐོས་པ་ཙམ་གྱིས། ཡེས་ར་ཨེལ་པ་ཐམས་ཅད་ཀྱིས་ཉིན་དེ་རང་ལ་ཁོ་ཚོའི་དམག་སྒར་གྱི་དམག་དཔོན་ཨོམ་རི་བྱ་བ་དེ་ཡེས་ར་ཨེལ་གྱི་རྒྱལ་པོར་བསྐོས་སོ། ། 17 ཡང་ཨོམ་རི་ནི་ཡེས་ར་ཨེལ་པ་ཐམས་ཅད་དང་མཉམ་དུ་གིབ་བེ་ཏོན་ནས་ཡར་སོང་སྟེ། ཐིར་ཙ་མཐའ་ནས་བསྐོར་བ་དང་། 18 ཟིམ་རེ་ཡིས་གྲོང་ཁྱེར་དེ་བླངས་པ་མཐོང་ནས་རྒྱལ་པོའི་ཕོ་བྲང་གི་བཙན་རྫོང་དུ་སོང་སྟེ། རྒྱལ་པོའི་ཕོ་བྲང་མེ་ཡིས་བསྲེགས་ནས་རང་ཉིད་མེའི་ནང་དུ་ཤིའོ། ། 19 ཅི་ལ་དེ་ལྟར་བྱུང་ཞེ་ན། ཁོས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ཅིང་། ཡེ་རོབ་ཨམ་གྱི་ལམ་དུ་འགྲུལ་ནས། དེས་ཡེས་ར་ཨེལ་པ་རྣམས་སྡིག་པར་ལྷུང་དུ་བཅུག་པའི་སྡིག་པ་དེའི་རྐྱེན་གྱིས་སོ། ། 20 ཟིམ་རེ་ཡི་བྱས་རྗེས་གཞན་རྣམས་དང་། ཁོས་ལྐོག་གཤོམ་བྱས་པའི་དོན་ནི་ཡེས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོ་ཡི་ནང་དུ་བཀོད་ཡོད་པ་མ་ཡིན་ནམ།
ཨོམ་རི་ནི་ཡེས་ར་ཨེལ་པ་རྣམས་ཀྱི་རྒྱལ་པོར་བསྡད་པ།
21 དེ་ནས་ཡེས་ར་ཨེལ་པ་རྣམས་མི་མཐུན་པར་གྱུར་ཏེ་མི་ཚོགས་གཉིས་སུ་གྱེས་པ་དང་། ཕྱེད་ཀ་ནི་གེ་ནཱད་ཀྱི་བུ་ཐེབ་ནེ་རྒྱལ་པོར་བསྐོ་བའི་ཕྱིར་དེའི་རྗེས་སུ་འབྲངས་པ་དང་། ཡང་ཕྱེད་ཀ་ནི་ཨོམ་རིའི་རྗེས་སུ་འབྲངས་སོ། ། 22 འོན་ཀྱང་ཨོམ་རིའི་རྗེས་སུ་འབྲངས་པ་རྣམས་ནི་གེ་ནཱད་ཀྱི་བུ་ཐེབ་ནེའི་རྗེས་སུ་འབྲངས་པའི་མི་ཚོགས་ལས་རྒྱལ་བར་གྱུར་ཏེ། ཐེབ་ནེ་སྲོག་དང་བྲལ་བས་ན། ཨོམ་རིས་རྒྱལ་སྲིད་བཟུང་ངོ་། ། 23 ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་སྲིད་ལོ་སོ་གཅིག་པར། ཨོམ་རི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྡད་པ་དང་། ཐིར་ཙ་རུ་ལོ་དྲུག་ལ་རྒྱལ་པོ་བྱས་ཤིང་བསྡོམས་པས་ལོ་བཅུ་གཉིས་རིང་དུ་ཡེས་ར་ཨེལ་ལ་སྲིད་བྱས་སོ། ། 24 ཁོས་སཱ་མར་ཡའི་རི་དེ་དངུལ་གྱི་རྡོ་ཚད་གཉིས་ཀྱིས་ས་མཱར་ཞེས་པ་ནས་ཉོས་ཤིང་རི་དེའི་ཁར་གྲོང་ཁྱེར་བརྩིགས་ཏེ། གྲོང་ཁྱེར་དེའི་མིང་ལ་རི་ཡི་བདག་པོ་ས་མཱར་བཞིན་དུ་སཱ་མར་ཡ་ཞེས་བཏགས་སོ། ། 25 ཨོམ་རི་ཡིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ཅིང་། ཁོའི་སྔོན་དུ་བྱུང་བའི་རྒྱལ་པོ་ཀུན་ལས་ཀྱང་ཐུའོ། ། 26 ཁོས་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱིས་སྤྱད་པའི་སྡིག་ཉེས་ནང་དུ་འགྲུལ་ཏེ། དེས་ཡེས་ར་ཨེལ་པ་རྣམས་སྡིག་པར་ལྷུང་དུ་བཅུག་པའི་སྡིག་པ་དེ་བྱས་པ་དང་། དེ་དག་གི་སྙིང་པོ་མེད་པའི་སྐུ་འདྲ་རྣམས་ཀྱིས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་ཐུགས་དཀྲུགས་པའི་ཕྱིར་རོ། ། 27 ཨོམ་རིའི་བྱས་རྗེས་གཞན་རྣམས་དང་། ཁོས་ཅི་བྱས་པ་དང་ཁོས་ངོམས་པའི་དཔའ་རྩལ་ཐམས་ཅད་ནི་ཡེས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོ་ཡི་ནང་དུ་བཀོད་ཡོད་པ་མ་ཡིན་ནམ། 28 དེ་ནས་ཨོམ་རི་ནི་རང་གི་ཕ་མེས་རྣམས་དང་ལྷན་ཅིག་ཏུ་གཟིམས་པ་དང་། སཱ་མར་ཡ་རུ་དུར་ལ་སྦས་ནས་དེའི་བུ་ཨ་ཧབ་ཀྱིས་ཁོའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་། །
ཨ་ཧབ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྡད་པ།
29 ཡ་ཧུ་དཱའི་རྒྱལ་པོ་ཨ་སཱ་ཡི་སྲིད་ལོ་སོ་བརྒྱད་པར། ཨོམ་རི་ཡི་བུ་ཨ་ཧབ་ནི་ཡེས་ར་ཨེལ་གྱི་རྒྱལ་པོར་བསྡད་པ་དང་། སཱ་མར་ཡ་རུ་ཡེས་ར་ཨེལ་ལ་ལོ་ཉེར་གཉིས་ཀྱི་རིང་དུ་སྲིད་བྱས་སོ། ། 30 ཨོམ་རིའི་བུ་ཨ་ཧབ་ཀྱིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་ངན་པ་གང་ཡིན་དེ་སྤྱད་ནས། ཁོའི་སྔོན་དུ་བྱུང་བའི་རྒྱལ་པོ་ཐམས་ཅད་ལས་ཀྱང་ངན་པ་བྱས་སོ། ། 31 ཁོ་རང་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྡིག་ཉེས་ནང་དུ་འགྲུལ་ཞིང་དེ་ཅི་ལའང་མི་བརྩི་བར་མ་ཟད། ཚི་ཏུན་པའི་རྒྱལ་པོ་ཨེད་པཱ་ཨལ་གྱི་བུ་མོ་ཡེ་ཟི་བེལ་ཆུང་མར་བླངས་ཤིང་པཱ་ཨལ་ཞེས་པའི་ལྷ་ལ་རིམ་གྲོ་བྱས་ནས་དེར་ཕྱག་བཙལ་ཏོ། ། 32 ཁོས་སཱ་མར་ཡ་རུ་པཱ་ཨལ་གྱི་མཆོད་ཁང་བརྩིགས་ནས་དེའི་ནང་དུ་པཱ་ཨལ་ལ་མཆོད་ཁྲི་ཞིག་ཀྱང་བརྩིགས་པ་དང་། 33 ཨ་ཧབ་ཀྱིས་ལྷ་མོ་ཨ་ཤེ་རཱ་ཡི་སྐུ་ཞིག་ཀྱང་བཟོས། ཨ་ཧབ་ཀྱིས་ངན་པ་སྤྱད་ནས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེའི་ཐུགས་དཀྲུགས་ཤིང་། ཁོའི་སྔོན་དུ་བྱུང་བའི་ཡེས་ར་ཨེལ་གྱི་རྒྱལ་པོ་ཐམས་ཅད་ལས་ཀྱང་ཐུའོ། ། 34 ཨ་ཧབ་ཀྱི་དུས་སུ་པེད་ཨེལ་པ་ཧི་ཨེལ་གྱིས་ཡེ་རུ་ཀོ་གྲོང་ཁྱེར་ཡང་བསྐྱར་བརྩིགས་ཏེ། ཁོས་གྲོང་ཁྱེར་གྱི་རྩིག་རྨང་འདིང་དུས་བུ་ཆེ་བ་ཨ་བི་རཱམ་ཤི་བ་དང་། ཡང་མཁར་སྒོ་འཛུགས་དུས་བུ་ཆུང་བ་སི་གེབ་ཤི་བར་གྱུར་ཏོ། །དེ་ནི་དཀོན་མཆོག་ཡ་ཝཱེས་ནུན་གྱི་བུ་ཡོ་ཤུ་ཨ་བརྒྱུད་ནས་གསུངས་པ་བཞིན་དུ་གྲུབ་བོ། ། * ཡོ་ཤུ་ཨ་ཡི་ལེའུ་དྲུག་པའི་ཚིག་རྐང་ཉེར་དྲུག་ལ་གཟིགས་རོགས།