༄༅། །ཀོ་རིན་ཐུ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་དང་པོ།
ཀོ་རིན་ཐུ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་དང་པོའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
ཀོ་རིན་ཐུ་གྲོང་ཁྱེར་ནི་འབྱོར་ལྡན་ཚོང་འབྲེལ་གྱི་ལྟེ་གནས་ཤིག་ཡིན་པ་དང་། དེ་ནི་ཀོ་རིན་ཐུའི་མཚོ་ཁུག་དང་སཱ་ར་ནེ་ཁིའི་མཚོ་ཁུག་བར་དུ་ཆགས་ཡོད། གྲོང་ཁྱེར་དེ་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་ཡུལ་གྲུ་ཀུན་ཏུ་གྲོང་ཁྱེར་གདུག་པ་ཅན་ཞེས་གྲགས་ཤིང་། ཀོ་རིན་ཐུའི་ཆོས་ཚོགས་ནི་གསར་པ་ཡིན་པས། ཡེ་ཤུའི་ཆོས་ལུགས་པ་རྣམས་ལ་གྲོང་ཁྱེར་དེའི་མི་རྣམས་ཀྱི་བྱ་སྤྱོད་ངན་པའི་ཤན་ཞུགས་པར་བརྟེན་ཆོས་ཚོགས་ལ་གནད་དོན་འགའ་རེ་བྱུང་ཡོད་པ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདི་ཡི་གེར་འགོད་མཁན་ནི་ཕོལ་ལོལ་ཡིན་པར་གསུངས་པ་དང་། སྔ་རབས་ཆོས་ཚོགས་ཀྱི་ཕ་ཡབ་རྣམས་ཀྱང་དེ་ལ་མོས་མཐུན་བྱུང་ཡོད། འཕྲིན་ཡིག་འདི་ནི་ཕོལ་ལོལ་ཁོང་ཉིད་ཨེ་ཕེ་སི་གྲོང་ཁྱེར་དུ་ལོ་གསུམ་གྱི་རིང་ལ་བསྡད་པའི་དུས་སྐབས་ཏེ། སྤྱི་ལོ་55ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
འཕྲིན་ཡིག་འདིའི་བརྗོད་བྱ་ནི་ཡེ་ཤུའི་ཆོས་ལུགས་པའི་སྤྱོད་ལམ་གྱི་གནད་དོན་སྐོར་ཡིན་ལ། གཞུང་འདི་ལ་བརྟེན་ནས་རང་སེམས་རིམ་བཞིན་དམ་པར་འགྱུར་བར་བྱེད་པ་དང་། མུ་མཐུད་དུ་རང་གཤིས་ཡང་དག་པ་ཞིག་ཆགས་པར་འབད་བརྩོན་བྱེད་དགོས་པ་དེ་ཡིན། ཕོལ་ལོལ་རང་ངོས་ནས་ཡེ་ཤུའི་ཆོས་ལུགས་པའི་གནད་དོན་ལ་ཐུགས་ཁུར་གནང་ཡོད་པ་སྨོས་ཅི་དགོས། ཐུགས་ཁུར་དེ་ལ་བརྟེན་ནས་བདག་སྐྱོང་པ་ངོ་མ་ཞིག་གི་སེམས་མངོན་པར་བྱས་ཡོད། གཞུང་འདི་ལས་གནད་དོན་མང་པོ་ཞིག་གསུངས་ཡོད་ནའང་། དད་ལྡན་རྣམས་ལ་དམ་པའི་གསུང་རབ་ཧྲིལ་པོ་ནས་རྒྱུས་ལོན་ཆེས་ཟབ་ཅིང་ཆེས་དགའ་བའི་ལེའུ་ཁ་ཤས་ཀྱང་གཞུང་འདིའི་ནང་དུ་ཡོད་པ་སྟེ། དཔེར་ན། ལེའུ་བཅུ་གསུམ་པའི་བྱམས་བརྩེའི་སྐོར་དང་། ལེའུ་བཅོ་ལྔ་ཡི་སླར་གསོན་གྱི་སྐོར་ལྟ་བུ།
འཆར་ཟིན།
1. འཕྲིན་ཡིག་གི་ངོ་སྤྲོད་དེ། ཁམས་འདྲི་དང་བཀའ་དྲིན་ཞུ་བ། ༼1:1-9༽
2. ཆོས་ཚོགས་ནང་དུ་འགལ་ཟླ་བྱུང་བའི་སྐོར། ༼1:10-4:21༽
3. སེམས་དང་བླང་དོར་གྱི་རྣམ་གཞག་འཁྲུག་པའི་སྐོར། ༼5:1-6:20༽
4. གཉེན་སྒྲིག་སྐོར་གྱི་སློབ་སྟོན། ༼7:1-40༽
5. བྱ་སྤྱོད་མི་ལེགས་པ་སྤོང་དགོས་པའི་སྐོར་གྱི་སློབ་སྟོན། ༼8:1-11:1༽
6. ཆོས་ཚོགས་ཀྱི་ཚོགས་མིའི་བྱ་སྤྱོད་སྐོར་གྱི་སློབ་སྟོན། ༼11:2-14:40༽
ཀ སྐབས་དེའི་ཆོས་ཚོགས་ཀྱི་ཕོ་མོའི་བྱ་སྤྱོད་སྐོར། ༼11:2-16༽
ཁ། གཙོ་བོ་ཡེ་ཤུའི་རྗེས་དྲན་གྱི་ཞལ་ཟས་སྐོར། ༼11:17-34༽
ག དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་སྐོར། ༼12:1-14:40༽
7. སླར་གསོན་པའི་སྐོར་གྱི་སློབ་སྟོན། ༼15:1-58༽
8. མཇུག་སྡོམ། དངོས་སུ་བསྒྲུབ་དགོས་པ་དང་མི་སྒེར་གྱི་དོན་རྣམས། ༼16:1-24༽
ལེའུ་དང༌པོ།
འཕྲིན་ཡིག་བསྐུར༌ཡུལ།
དེ་ཡང་ཕོལ་ལོལ་ང་རང་ནི་དཀོན་མཆོག་གི་ཐུགས་དགོངས་བཞིན་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་པར་ཞལ་འབོད་གནང་བ་ཞིག༌ཡིན། ང་རང་དང་བདག་ཅག་གི་སྤུན་ཟླ་སའོ་ཐེ་ནེ་གཉིས༌ཀྱིས། ཀོ་རིན་ཐུ་རུ་གནས་པའི་དཀོན་མཆོག་གི་ཆོས་ཚོགས༌ཏེ། མཱ་ཤི་ཀ་ཡེ་ཤུའི་ནང་དུ་དམ་པར་གྱུར་ཅིང་དད་ལྡན་དམ་པར་ཞལ་འབོད་གནང་བའི་མི་རྣམས༌དང༌། ཡུལ་སོ་སོ་ནས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ནས་འབོད་མཁན་ཐམས་ཅད་ལ་འཕྲིན་ཡིག་འདི་སྤྲིངས༌པ་ཡིན། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནི་ཁོ་རྣམས་ཀྱི་གཙོ་བོ་ཡིན༌ལ། ངེད་གཉིས་ཀྱི་གཙོ་བོའང་ཡིན༌ནོ།།
བདག་ཅག་གི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཁྱོད་རྣམས་ལ་ཐུགས་རྗེ་དང་ཞི་བདེ་འཐོབ་པར༌སྨོན།
དཀོན་མཆོག་གི་ཐུགས་རྗེ་དྲན༌པ།
ཁྱོད་ཅག་གི་ཆེད་དུ་ངས་དུས་རྟག་ཏུ་རང་གི་དཀོན་མཆོག་ལ་བཀའ་དྲིན༌ཞུ་བ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུའི་ནང་དུ་ཁྱོད་རྣམས་ལ་ཐུགས་རྗེ་གནང་བ༌དང༌། ཡང་ཁོང་གི་ནང་དུ་རྣམ་པ་ཀུན་ཏུ་ཁྱོད་རྣམས་ལ་སྨྲ་བར་མཁས༌ཤིང་ཡོན་ཏན་ཕུན་སུམ་ཚོགས་པའི་འབྱོར་བ་བཅས་གནང་བའི་ཕྱིར༌རོ།། དེ་ནི་ངེད་ཅག་གིས་སྐྱབས་མགོན་མཱ་ཤི་ཀའི་སྐོར་བདེན་དཔང་བྱས་པ༌ནི་ཁྱོད་རྣམས་ཀྱི་སེམས་ནང་དུ་བརྟན་པོར་གྱུར༌པ་བཞིན་ནོ།། དེའི༌ཕྱིར། ཁྱོད་རྣམས་ཀྱིས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕྱིར་མངོན་པར་རེ་བ་ཆེན་པོས་སྒུག་བཞིན་པའི་དུས་སུ། ཁྱོད་རྣམས་ལ་གནང་སྦྱིན་གྱི་ཆ་ནས་མི་འདང་བ་མེད། ཁོང་གིས་ཀྱང་དུས་ཀྱི་མཐའ་མའི་བར་དུ་ཁྱོད་རྣམས་བརྟན་པོར་མཛད༌པས། བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཕེབས་ཡོང་བའི་ཉིན༌མོར། ཁྱོད་རྣམས་ལ་སྐྱོན་ཅི་ཡང་མེད་དོ།། དཀོན་མཆོག་ནི་ཡིད་རྟོན་རུང་བ་ཡིན༌ཞིང་། ཁོང་གིས་ཁྱོད་རྣམས་ནི་རང་ཉིད་ཀྱི་སྲས་ཏེ་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་འབྲེལ་བར་ཞལ་འབོད་གནང༌ངོ༌།།
ཆོས་ཚོགས་ཀྱི་རྩོད༌གཞི།
10 སྤུན་ཟླ༌རྣམས། བདག་གིས་བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་བརྟེན་ནས་ཁྱོད་རྣམས་ལ་གདམས་པར་བྱ༌སྟེ། ཁྱོད་རྣམས་ཀྱིས་གཏམ་མཐུན་པར་སྨྲ་ཞིང་དབྱེན་མི་བྱེད་པར་བློ་སེམས་མཐུན་ཞིང་ཕན་ཚུན་འགྲིག་དགོས་སོ།། 11 ཅིའི་ཕྱིར་ཞེ་ན། ཀི་ལོར་ཚང་གི་མི་རྣམས་ཀྱིས་ངའི་སྤུན་ཟླ་རྣམས་གླེང་སྟེ། ཁྱོད་ཅག་གི་ཁྲོད་དུ་རྩོད་གླེང་བྱུང་ཡོད་ཅེས་བདག་ལ་སྨྲས་མྱོང༌བའི་ཕྱིར་རོ།། 12 བདག་གི་བརྗོད་དོན་ནི་འདི་ལྟ་སྟེ། ཁྱོད་རྣམས་ལས་ཁ་ཅིག༌གིས། ང་ནི་སྐུ་ཚབ་པ་ཕོལ་ལོལ་གྱི་ཡིན་ཞེས༌དང༌། ཡང་ཁ་ཅིག༌གིས། ང་ནི་སློབ་དཔོན་ཨ་པོལ་ལོའི་ཡིན་ཞེས༌དང༌། ཡང་ཁ་ཅིག༌གིས། ང་ནི་སྐུ་ཚབ་པ་ཀེ་ཕཱའི་ཡིན་ཞེས༌དང༌། ཡང་ཁ་ཅིག༌གིས། ང་ནི་སྐྱབས་མགོན་མཱ་ཤི་ཀའི་ཡིན་ཞེས་ཟེར། 13 སྐྱབས་མགོན་མཱ་ཤི་ཀ་ནི་སོ་སོར་གྱེས་པ་ཡིན༌ནམ། ཕོལ་ལོལ་ཁྱོད་རྣམས་ཀྱི་དོན་དུ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས༌སམ། ཁྱོད་རྣམས་ཀྱང་ཕོལ་ལོལ་གྱི་མིང་ལ་བརྟེན་ནས་ཁྲུས་གསོལ་ཐོབ་པ་ཡིན་ནམ་ཞེ༌ན། གཏན་ནས་མ་ཡིན་ནོ།། 14 བདག་གིས་སྔོན་ཆད་ཀཱ་རིས་པི་དང་ཀེ་ཡུ་གཉིས་མ༌གཏོགས། ཁྱོད་རྣམས་ལས་མི་གཅིག་ལའང་ཁྲུས་གསོལ་བྱས་མ་མྱོང༌བས། བདག་གིས་དཀོན་མཆོག་ལ་བཀའ་དྲིན་ཞུ༌སྟེ། 15 མི་གཞན་རྣམས་ན༌རེ། ཁྱོད་ཅག་ནི་བདག་གི་མིང་ལ་བརྟེན་ནས་ཁྲུས་གསོལ་བྱས་པ་ཡིན་ཞེས་མི་སྨྲ་བའི་ཕྱིར༌རོ།། 16 འོ། ངས་སི་ཕ་ནཱའི་ཁྱིམ་མི་རྣམས་ལའང་ཁྲུས་གསོལ་བྱས་མྱོང་བ༌ལས། མི་གཞན་དག་ལ་ཁྲུས་གསོལ་བྱས་མྱོང་མིན་ཡིད་ལ་མི་དྲན་ནོ།། 17 དོན་དམ་དུ་སྐྱབས་མགོན་མཱ་ཤི་ཀས་ང་རང་ནི་ཁྲུས་གསོལ་བྱེད་དུ་མངགས་པ་མ་ཡིན༌པར། འཕྲིན་བཟང་སྒྲོག་པར་མངགས་པ་ཡིན༌ཏེ། སྐྱབས་མགོན་མཱ་ཤི་ཀ་ཁོང་ཉིད་ཤིང་རྒྱ་གྲམ་གྱི་སྟེང་དུ་སྐུ་གྲོངས་པའི་དོན་དེ་སྟོང་བར་མི་འགྱུར་བའི༌ཆེད་དུ་སྤྱང་གྲུང་ལ་བརྟེན་ནས་གཏམ་མི་སྨྲའོ།།
དཀོན་མཆོག་གི་ཤེས་རབ་དང་མཐུ༌སྟོབས།
18 ཅིའི་ཕྱིར་ཞེ་ན། ཤིང་རྒྱ་གྲམ་གྱི་དོན་དེ་ནི་འཇིག་པར་འགྱུར་བཞིན་པའི་མི་རྣམས་ཀྱིས་བླུན་པོའི་རྫུན་གཏམ་དུ་བརྩི༌ཞིང༌། བདག་ཅག་ཐར་པ་འཐོབ་བཞིན་པ་རྣམས་ལ་མཚོན༌ན། དོན་དེ་ནི་དཀོན་མཆོག་གི་མཐུ་སྟོབས་ཆེན་པོ་ཡིན་པའི་ཕྱིར༌རོ།། 19 དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ།
ང་ཡིས་ཤེས་རབ་ཅན་གྱི་ཤེས་རབ༌མེད་པར་བྱ།།
ང་ཡིས་རིག་པ་ཅན་གྱི་རིག་པ་འདོར་བར༌བྱ།།
ཞེས་བཀོད་པའོ།། 20 མི་ཤེས་རབ་ཅན་ནི་གང་དུ་མཆིས༌སམ། མཁན་པོ་ནི་གང་དུ་ཡོད༌དམ། འཇིག་རྟེན་འདིའི་རྩོད་པར་མཁས་པ་ནི་གང་དུ་འདུག༌གམ། དཀོན་མཆོག་གིས་འཇིག་རྟེན་འདིའི་ཤེས་རབ་ནི་རྨོངས་པར་མཛད་པ་མ་ཡིན༌ནམ། 21 འཇིག་རྟེན་གྱི་མི་རྣམས་ཀྱིས་རང་གི་ཤེས་རབ་ལ་བརྟེན་ནས་དཀོན་མཆོག་ངོ་མི་ཤེས༌པས། དཀོན་མཆོག་གིས་བླུན་པོའི་ཆོས་ཞེས་ཟེར་བ་དེ་བསྒྲགས་པ་ལ་བརྟེན༌ནས། ཁོང་ལ་དད་པ་བྱེད་མཁན་རྣམས་ལ་ཐར་པ་འཐོབ་པར་བྱེད་ཅིང་ཐུགས་དགྱེས༌ལ། དེ་ནི་དཀོན་མཆོག་གི་མཁྱེན་རབ་ལགས་སོ།། 22 ཡ་ཧུ་དཱ་པ་རྣམས་ཀྱིས་ངོ་མཚར་བའི་དོན་ལ་རེ་བ་བྱེད༌ཅིང༌། གྷི་རིག་པ་རྣམས་ཀྱིས་ཤེས་རབ་འཚོལ་འདོད༌མོད། 23 འོན་ཀྱང་ངེད་ཅག་གིས་སྐྱབས་མགོན་མཱ་ཤི་ཀ་ཤིང་རྒྱ་གྲམ་གྱི་སྟེང་དུ་བརྡབས་པའི་ཆོས་དེ་སྒྲོག༌པ་ཡིན། དོན་དེ་ནི་ཡ་ཧུ་དཱ་པ་རྣམས་ལ་མཚོན་ན་བཀག་རྡོ༌དང༌། ཕྱི་ཕྱོགས་པ་རྣམས་ལ་མཚོན་ན་གླེན་རྟགས་ཡིན་པར་སྙམ་མོ།། 24 འོན་ཀྱང་ཡ་ཧུ་དཱ་པ་དང་གྷི་རིག་པའི་མི་སུ་ཞིག་ཡིན༌ཡང༌། ཞལ་འབོད་གནང་བ་རྣམས་ལ་མཚོན༌ན། སྐྱབས་མགོན་མཱ་ཤི་ཀ་ནི་དཀོན་མཆོག་གི་མཐུ་སྟོབས་དང་མཁྱེན་རབ་ལགས་སོ།། 25 ཅིའི་ཕྱིར་ཞེ་ན། དཀོན་མཆོག་གི་གླེན་རྟགས་ཟེར་བ་དེ་ནི་མིའི་ཤེས་རབ་ལས་མཆོག་ཏུ་གྱུར་པ་དང༌། དཀོན་མཆོག་གི་ཉམ་ཐག་ཟེར་བ་དེ་ནི་མི་ལས་ཀྱང་སྟོབས་ཤུགས་ཆེ་བའི་ཕྱིར༌རོ།།
26 སྤུན་ཟླ༌རྣམས། ཁྱོད་རྣམས་ལ་ཞལ་འབོད་གནང་བའི་དོན་ལ་སོམས་དང་། མིའི་ལྟ་ཚུལ་ལྟར༌ན། ཤེས་རབ་ཅན༌དང༌། ནུས་མཐུ༌ཅན། གོ་ས་ཅན་མང་པོ་མེད་པའང་ཤེས་ཐུབ་བོ།། 27 འོན༌ཀྱང༌། དཀོན་མཆོག་གིས་ཤེས་རབ་ཅན་རྣམས་ལ་ངོ་གནོང་བར་མཛད་པའི༌ཕྱིར། འཇིག་རྟེན་གྱི་བླུན་པོ་ཡིན་པ་རྣམས་བདམས་པ༌དང༌། ཡང་སྟོབས་ལྡན་རྣམས་ལ་ངོ་གནོང་བར་མཛད་པའི༌ཕྱིར། འཇིག་རྟེན་གྱི་ཉམ་ཐག་ཡིན་པ་རྣམས་བདམས་པ༌དང༌། 28 ཡང་ཡོད་པ་རྣམས་ལ་མེད་པར་མཛད་པའི༌ཕྱིར། འཇིག་རྟེན་གྱི་མི་ཐ་མལ་བ་དང༌། ཉམ་ཆུང༌པ། དམན་པ་རྣམས་ཀྱང་བདམས༌ཏེ། 29 ཤ་ཁྲག་གདོས་བཅས་སུ་གྲུབ་པ་སུ་ཞིག་གིས་ཀྱང་དཀོན་མཆོག་གི་དྲུང་ནས་རང་རློམ་བྱེད་མི་ཐུབ་པའི་ཕྱིར༌རོ།། 30 འོན༌ཀྱང༌། དཀོན་མཆོག་གི་རྐྱེན་གྱིས་ཁྱོད་རྣམས་ནི་མཱ་ཤི་ཀ་ཡེ་ཤུའི་ནང་དུ་གནས༌པ་ཡིན་ནོ།། ཡང་ཡེ་ཤུ་མཱ་ཤི་ཀ་ནི་བདག་ཅག་གི་ཤེས་རབ༌དང༌། རྣམ་པར་དག་པ། དམ༌པ། ཐར་ལམ་བཅས་སུ་གྱུར་པ་ལགས་སོ།། 31 དེ་ལ་གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བསྔགས་བརྗོད་བྱེད་མཁན་སུས་ཀྱང་གཙོ་བོ་ལ་བསྔགས་པར་གྱིས་ཞེས་བཀོད་པ་བཞིན་ནོ།།