ལེའུ་ཉེར་བདུན་པ།
དམག་དཔོན་རྣམས་ཀྱི་ལས་ཚན།
ཡང་ཡེས་ར་ཨེལ་པ་རྣམས་ཀྱི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་དང་། སྟོང་དཔོན། བརྒྱ་དཔོན། རྒྱལ་པོར་ཞབས་ཕྱི་སྒྲུབ་པའི་དམག་དཔོན་ཐམས་ཅད་ལ་ཁོ་ཚོའི་གྲངས་ཀ་བཞིན་ལས་ཚན་བགོས་ཤིང་། ལོ་རེར་ཟླ་རེ་བཞིན་དུ་རེས་སྐོར་བ་དང་། ལས་ཚན་རེའི་ནང་དུ་མི་ཉིས་ཁྲི་བཞི་སྟོང་ཡོད། ཟླ་དང་པོའི་ལས་ཚན་དང་པོ་ལ་ཟབ་དི་ཨེལ་གྱི་བུ་ཡ་ཤོ་བེ་ཨམ་གྱིས་འགན་ཁུར་བ་དང་། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། ཁོ་ནི་ཕེ་རེལ་ཟིའི་བུ་རྒྱུད་ནང་གི་འགོ་དཔོན་ཡིན་ཏེ། ཟླ་དང་པོའི་ལས་ཚན་དེའི་དམག་དཔོན་ཐམས་ཅད་ལ་བཀོད་འདོམས་བྱེད་པ་ཡིན། ཟླ་གཉིས་པའི་ལས་ཚན་དེ་ལ་ཨ་ཧོ་པ་དོ་ད་ཨི་ཡིས་འགན་ཁུར་བ་དང་། ཁོའི་ལས་ཚན་དེ་ལ་ད་དུང་འགོ་དཔོན་གཞོན་པ་མིག་ལོད་ཀྱང་ཡོད་ལ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། ཟླ་གསུམ་པའི་ལས་ཚན་གསུམ་པའི་དམག་དཔོན་ནི་མཆོད་དཔོན་ཆེན་པོ་ཡེ་ཧོ་ཡ་དཱའི་བུ་པེ་ནཱ་ཡ་ཡིན་ཏེ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། པེ་ནཱ་ཡ་དེ་ནི་མི་དཔའ་རྩལ་ཅན་སུམ་ཅུ་བོའི་ཡ་གྱལ་ཡིན་ལ། མི་སུམ་ཅུ་བོ་དེར་བདག་སྐྱོང་བྱེད་མཁན་ཡིན། ཁོའི་ལས་ཚན་ལ་ད་དུང་ཁོའི་བུ་ཨམ་མི་ཟཱ་བད་ཀྱང་ཡོད། ཟླ་བཞི་པའི་ལས་ཚན་བཞི་པའི་དམག་དཔོན་ནི་ཡོ་ཨབ་ཀྱི་ནུ་བོ་ཨ་སཱ་ཧེལ་ཡིན་ལ། ཁོའི་རྒྱུན་སྐྱོང་མཁན་ནི་ཁོའི་བུ་ཟེ་བད་ཡཱ་ཡིན། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། ཟླ་ལྔ་པའི་ལས་ཚན་ལྔ་པའི་དམག་དཔོན་ནི་ཡེས་རཱ་པ་ཤམ་ཧུད་ཡིན་ལ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། ཟླ་དྲུག་པའི་ལས་ཚན་དྲུག་པའི་དམག་དཔོན་ནི་ཐེ་ཀོ་ཨ་པ་ཨིག་ཀེ་སིའི་བུ་ཨི་རཱ་ཡིན་ལ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། 10 ཟླ་བདུན་པའི་ལས་ཚན་བདུན་པའི་དམག་དཔོན་ནི་ཨེ་ཕཱར་ཡིམ་གྱི་བུ་རྒྱུད་ཁྲོད་ཀྱི་ཕེ་ལོན་པ་ཧེ་ལེ་ཙི་ཡིན་ལ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། 11 ཟླ་བརྒྱད་པའི་ལས་ཚན་བརྒྱད་པའི་དམག་དཔོན་ནི་ཟེ་རག་ཁྱིམ་རྒྱུད་ཀྱི་ཧུ་ཤཱ་པ་སིབ་བེ་ཀཱ་ཨི་ཡིན་ལ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། 12 ཟླ་དགུ་པའི་ལས་ཚན་དགུ་པའི་དམག་དཔོན་ནི་པེན་ཡཱ་མེན་པའི་ཨ་ན་ཐོད་པ་ཨ་བི་ཨེ་ཟཱེར་ཡིན་ལ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། 13 ཟླ་བཅུ་པའི་ལས་ཚན་བཅུ་པའི་དམག་དཔོན་ནི་ཟེ་རག་ཁྱིམ་རྒྱུད་ཀྱི་ནེ་ཏོ་ཕཱ་པ་མ་ཧ་རཱ་ཨི་ཡིན་ལ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། 14 ཟླ་བཅུ་གཅིག་པའི་ལས་ཚན་བཅུ་གཅིག་པའི་དམག་དཔོན་ནི་ཨེ་ཕཱར་ཡིམ་གྱི་བུ་རྒྱུད་ཁྲོད་ཀྱི་ཕི་ར་ཐོན་པ་པེ་ནཱ་ཡ་ཡིན་ལ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད། 15 ཟླ་བཅུ་གཉིས་པའི་ལས་ཚན་བཅུ་གཉིས་པའི་དམག་དཔོན་ནི་ཨོད་ནི་ཨེལ་ཁྱིམ་རྒྱུད་ཀྱི་ནེ་ཏོ་ཕཱ་པ་ཧེལ་ད་ཨི་ཡིན་ལ། ཁོའི་ལས་ཚན་ལ་མི་ཉིས་ཁྲི་བཞི་སྟོང་ཡོད་དོ། །
ཡེས་ར་ཨེལ་གྱི་ཚོ་པ་སོ་སོའི་འགོ་དཔོན་དག
16 ཡེས་ར་ཨེལ་གྱི་ཚོ་པ་སོ་སོའི་འགོ་དཔོན་དག་ནི་འདི་ལྟ་སྟེ། རུ་བེན་ཚོ་པའི་འགོ་དཔོན་ནི་ཟིག་རིའི་བུ་ཨེ་ལི་ཨེ་བཟིར་ཡིན་ལ། སི་མུ་ཨོན་ཚོ་པའི་འགོ་དཔོན་ནི་མ་ཨ་ཀཱའི་བུ་ཤེ་ཕད་ཡཱ་ཡིན། 17 ལེ་ཝི་ཚོ་པའི་འགོ་དཔོན་ནི་ཀེ་མུ་ཨེལ་གྱི་བུ་ཧ་ཤབ་ཡཱ་ཡིན། ཨ་རོན་བུ་རྒྱུད་ཀྱི་འགོ་དཔོན་ནི་ཟཱ་ཏོག་ཡིན། 18 ཡ་ཧུ་དཱ་ཚོ་པའི་འགོ་དཔོན་ནི་དཱ་བིད་ཀྱི་སྐུ་མཆེད་ཨེ་ལི་ཧུ་ཡིན། ཡེས་སི་ཀཱར་ཚོ་པའི་འགོ་དཔོན་ནི་མེའ་ཀཱ་ཨེལ་གྱི་བུ་ཨོམ་རི་ཡིན། 19 ཟེ་བུ་ལུན་ཚོ་པའི་འགོ་དཔོན་ནི་ཨོ་བད་ཡཱའི་བུ་ཡིས་མཱ་ཡ་ཡིན། ནཱབ་ཐ་ལི་ཚོ་པའི་འགོ་དཔོན་ནི་ཨས་རི་ཨེལ་གྱི་བུ་ཡེ་རི་མོད་ཡིན། 20 ཨེ་ཕཱར་ཡིམ་ཚོ་པའི་འགོ་དཔོན་ནི་ཨ་ཟཱ་སི་ཡའི་བུ་ཧོ་ཤེ་ཡཱ་ཡིན། མཱ་ན་ཤེའི་ཚོ་པ་ཕྱེད་ཀའི་འགོ་དཔོན་ནི་ཕེ་ད་ཡཱའི་བུ་ཡོ་ཨེལ་ཡིན། 21 གིལ་ཨད་ཡུལ་གྱི་མཱ་ན་ཤེའི་ཚོ་པ་ཕྱེད་ཀ་དེའི་འགོ་དཔོན་ནི་ཟཱ་ཀར་ཡའི་བུ་ཨིད་དོ་ཡིན། པེན་ཡཱ་མེན་ཚོ་པའི་འགོ་དཔོན་ནི་ཨབ་ནེར་གྱི་བུ་ཡ་ཨ་སི་ཨེལ་ཡིན། 22 དཱན་ཚོ་པའི་འགོ་དཔོན་ནི་ཡེ་རོ་ཧམ་གྱི་བུ་ཨ་ཟར་ཨེལ་ཡིན། དེ་ཐམས་ཅད་ཡེས་ར་ཨེལ་གྱི་ཚོ་པ་ཁག་གི་འགོ་དཔོན་རྣམས་སོ། ། 23 དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པའི་གྲངས་ཀ་ནི་གནམ་གྱི་སྐར་མ་བཞིན་རྒྱས་པར་བྱའོ་ཞེས་གསུངས་པའི་རྐྱེན་གྱིས། དཱ་བིད་ཀྱིས་ལོ་ཉི་ཤུའི་མན་གྱི་ཡེས་ར་ཨེལ་པ་རྣམས་མ་བརྩིས་སོ། ། 24 ཟེ་རུ་ཡཱའི་བུ་ཡོ་ཨབ་ཀྱིས་མི་རྩིས་ལེན་འགོ་བརྩམས་ཀྱང་དེས་བརྩིས་མ་ཚར་ཞིང་། ཡ་ཝཱེའི་ཐུགས་ཁྲོ་ནི་ཡེས་ར་ཨེལ་གྱི་སྟེང་དུ་ཕོག་བྱུང་བས། ཡེས་ར་ཨེལ་གྱི་མི་གྲངས་ནི་རྒྱལ་པོ་དཱ་བིད་ཀྱི་རྒྱལ་རབས་ནང་དུ་བཀོད་མེད་དོ། །
རྒྱལ་པོའི་བང་མཛོད་ལ་བདག་གཉེར་བྱེད་པའི་འགོ་དཔོན་དག
25 རྒྱལ་པོའི་བང་མཛོད་ལ་བདག་གཉེར་བྱེད་མཁན་ནི་ཨ་དི་ཨེལ་གྱི་བུ་ཨས་མ་ཝེད་ཡིན་པ་དང་། མཐའ་ཁུལ་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། སོ་ལྟ་ཁང་བཅས་སུ་ཡོད་པའི་མཛོད་ཁང་དག་ལ་བདག་གཉེར་བྱེད་མཁན་ཨུ་ཟི་ཡཱ་ཡི་བུ་ཡོ་ནཱ་ཐན་ཡོད་པ་ཡིན། 26 ཞིང་རྨོ་བའི་སོ་ནམ་གྱི་ལས་ཀ་བྱེད་པ་རྣམས་ལ་བདག་གཉེར་བྱེད་མཁན་ནི་ཀེ་ལུབ་གྱི་བུ་ཨེས་རི་ཡིན། 27 རྒུན་ཚལ་ལ་བདག་གཉེར་བྱེད་མཁན་ནི་རཱ་མ་པ་ཤིམ་ཨི་ཡིན་པ་དང་། རྒུན་ཚལ་གྱི་སྟོན་ཐོག་དང་རྒུན་ཆང་གི་མཛོད་ལ་བདག་གཉེར་བྱེད་མཁན་ནི་ཤེ་ཕམ་པ་ཟབ་དི་ཡིན། 28 རི་ཀླུང་དུ་ཡོད་པའི་སྐྱུ་རུ་ཤིང་དང་འོ་སེ་ཤིང་ལ་བདག་གཉེར་བྱེད་མཁན་ནི་གེ་དེར་གྱི་པཱ་ཨལ་ཧ་ནན་ཡིན་པ་དང་། སྣུམ་གྱི་མཛོད་ལ་བདག་གཉེར་བྱེད་མཁན་ནི་ཡོ་ཨ་སི་ཡིན། 29 ཤཱ་རོན་དུ་འཚོ་བའི་བ་ཁྱུ་རྣམས་ལ་བདག་གཉེར་བྱེད་མཁན་ནི་ཤཱ་རོན་པ་ཤིད་ར་ཨི་དང་། ལུང་པའི་བ་ཁྱུ་རྣམས་ལ་བདག་གཉེར་བྱེད་མཁན་ནི་ཨད་ལཱ་ཨི་ཡི་བུ་ཤཱ་ཕད་ཡིན། 30 རྔ་མོང་རྣམས་ལ་བདག་གཉེར་བྱེད་མཁན་ནི་ཡེས་མ་ཨེལ་པ་ཨོ་བིལ་ཡིན་པ་དང་། བོང་བུ་རྣམས་ལ་བདག་གཉེར་བྱེད་མཁན་ནི་མེ་རོ་ནོད་པ་ཡེ་དེ་ཡཱ་ཡིན། 31 ར་ལུག་གི་ཁྱུ་རྣམས་ལ་བདག་གཉེར་བྱེད་མཁན་ནི་ཧ་གར་པ་ཡ་ཟིས་ཡིན། དེ་ཐམས་ཅད་ནི་རྒྱལ་པོ་དཱ་བིད་ཀྱི་རྒྱུ་ནོར་ལ་བདག་གཉེར་བྱེད་མཁན་འགོ་དཔོན་རྣམས་ཡིན་ནོ། །
དཱ་བིད་ཀྱི་གྲོས་དཔོན།
32 དཱ་བིད་ཀྱི་ཁུ་བོ་ཡོ་ནཱ་ཐན་ནི་གྲོས་དཔོན་ཞིག་ཡིན་ལ། བློ་ལ་མཁས་པ་དང་དྲུང་ཡིག་ཅིག་ཀྱང་ཡིན། ཁོང་དང་ཧག་མོན་གྱི་བུ་ཡེ་ཧི་ཨེལ་བྱ་བ་གཉིས་ནི་རྒྱལ་སྲས་རྣམས་ཀྱི་བཤེས་གཉེན་ཡིན། 33 ཨ་ཧི་ཐོ་ཕེལ་ཡང་རྒྱལ་པོའི་གྲོས་དཔོན་ཡིན། ཨ་རག་པ་ཧུ་ཤཱ་ཨི་ནི་རྒྱལ་པོའི་མཆེད་གྲོགས་ཡིན། 34 ཨ་ཧི་ཐོ་ཕེལ་གྱི་རྗེས་སུ་པེ་ནཱ་ཡའི་བུ་ཡེ་ཧོ་ཡ་དཱ་དང་ཨབ་ཡཱ་ཐར་གཉིས་གྲོས་དཔོན་བྱས་པ་དང་། ཡོ་ཨབ་ནི་རྒྱལ་པོའི་དམག་དཔོན་ཆེན་པོར་བྱས་པ་ཡིན་ནོ། །