ལེའུ་བརྒྱད་པ།
སྔར་ལས་ལེགས་པའི་ཞལ་ཆད་ཀྱི་བླ་ཆེན།
ང་ཚོས་སྨྲ་བའི་སྙིང་དོན་གཙོ་བོ་གང་ཡིན་ཞེ་ན། ཞིང་ཁམས་ལ་བླ་ན་མེད་པའི་གཟི་བརྗིད་ཀྱི་བཞུགས་ཁྲིའི་གཡས་སུ་བཞུགས་ཏེ། མི་རྣམས་ཀྱིས་མ་བཙུགས་པར་དཀོན་མཆོག་གིས་བཙུགས་པར་མཛད་པའི་གུར་མཆོག་ངོ་མ་དང༌། མཆོད་ཁང་ཡང་དག་པའི་ནང་ལ་ཞབས་ཏོག་མཛད་པའི་བླ་ཆེན་གཙོ་བོ་དེ་ང་ཚོར་ཡོད། བླ་ཆེན་གཙོ་བོ་ཀུན་འབུལ་བ་དང་དམར་མཆོད་འབུལ་བའི་ཆེད་དུ་སྐོ་བས། བླ་ཆེན་གཙོ་བོ་འདི་ལའང་མཆོད་པ་གང་ཞིག་འབུལ་བར་དགོས། ཆོས་ཁྲིམས་ལྟར་མཆོད་པ་འབུལ་མཁན་བླ་ཆེན་གཞན་ཡོད་པས། ཁོང་ད་ལྟ་འཇིག་རྟེན་འདིར་བཞུགས་པ་ཡིན་ན་བླ་ཆེན་དུ་རྩ་བ་ནས་མི་འགྱུར་བ་ཡིན། ཁོ་ཚོའི་མཆོད་ཁང་ནི་དཀོན་མཆོག་ཞིང་ཁམས་ཀྱི་གནས་མཆོག་གི་དཔེ་དང་གཟུགས་ཤིག་ཡིན། དེའི་རྐྱེན་གྱིས་ལུང་སྟོན་པ་མོ་ཤེ་ཡིས་གུར་མཆོག་འཛུགས་གྲབས་ཡོད་པའི་དུས་སུ་དཀོན་མཆོག་གིས་ཁོང་ལ་རིའི་སྟེང་དུ་ཁྱོད་ལ་སྟོན་པའི་དཔེ་ལྟར་ཐམས་ཅད་ངེས་པར་དུ་བཟོས་ཤིག་ཅེས་གསུངས། འོན་ཀྱང་ད་ལྟ་ངེད་རྣམས་ཀྱི་བླ་ཆེན་གཙོ་བོ་ཡེ་ཤུ་ལ་མཆོད་དཔོན་གྱི་ལམ་ལུགས་སྔ་མ་ལས་ཞབས་ཏོག་ལྷག་པར་བཟང་བ་ཞིག་ཐོབ། ཁོང་ནི་སྔོན་ལས་ལྷག་པར་བཟང་བའི་ཞལ་ཆད་རྣམས་ལ་རྟེན་པའི་ཞལ་ཆད་ཀྱི་བར་མི་ཡིན། ཞལ་ཆད་དང་པོ་དེ་ལ་སྐྱོན་མེད་པ་ཡིན་ན། གཉིས་པ་འཚོལ་མི་དགོས་སོ། དཀོན་མཆོག་གིས་མི་རྣམས་ལ་བཀའ་བཀྱོན་མཛད་དེ་འདི་ལྟར་གསུངས།
ལྟོས་དང༌།
ཉིན་མོ་དེ་ནི་སླེབས་གྲབས་ཡོད། །
ང་ཡིས་ཡི་སི་ར་ཨེལ་དང༌། །
ཡ་ཧུ་དཱ་པའི་རིགས་གཉིས་ལ། །
ཞལ་ཆད་གསར་པ་འཛུགས་པར་བྱ། །
འདི་ནི་ང་ཡིས་ཁོ་ཚོའི་མེས་པོ་ཡི། །
ལག་ནས་འཁྲིད་དེ་ཨེ་ཇེབ་ཡུལ་ནས་ནི། །
ཐོན་པའི་སྐབས་ཀྱི་ཞལ་ཆད་དང་མི་འདྲ། །
ཁོ་ཚོས་ང་ཡི་ཞལ་ཆད་མ་བསྲུངས་པས། །
ངས་ཀྱང་ཁོ་ཚོར་ཁ་ཡ་མ་བྱས་སོ། །
10 དུས་དེའི་རྗེས་སུ་ང་དང་ནི། །
ཡི་སི་ར་ཨེལ་རིགས་བར་ལ། །
གསར་དུ་བཙུགས་པའི་ཞལ་ཆད་ནི། །
ང་ཡི་བཀའ་ཁྲིམས་ཁོ་ཚོ་ཡི། །
བློ་ལ་བཞག་ཅིང་སེམས་ལ་འབྲི། །
ང་ཡིས་ཁོ་ཚོའི་དཀོན་མཆོག་བྱ། །
ཁོ་ཚོ་ང་ཡི་འབངས་མིར་འགྱུར། །
11 ཁོ་ཚོ་སོ་སོས་གྲོང་པ་ཁྱིམ་མཚེས་དང༌། །
ཡང་ན་རང་གི་བུ་སྤུན་རྣམས་ལ་ནི། །
གཙོ་བོ་ངོ་ཤེས་དགོས་ཞེས་སློབ་མི་དགོས། །
ཁོ་ཚོ་ཆུང་བ་དང་ནི་ཆེ་བ་ཀུན། །
ཚང་མས་ང་ཡི་ངོ་ནི་ཤེས་པས་སོ། །
12 ང་ཡིས་ཁོ་ཚོའི་སྡིག་ཉེས་དང༌། །
སྤྱོད་ངན་ནམ་ཡང་མི་བརྩི་འོ། །* 8:12 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་རེམ་ཡཱ་ཡིས་བྲིས་པའི་མདོ་ལེའུ་31 ཨང་31-34 ལ་འཁོད་ཡོད།
ཞེས་གསུངས། 13 ཁོང་གིས་ཞལ་ཆད་གསར་པའི་སྐོར་གསུངས་པས་སྔར་ཡོད་པ་དེ་རྙིང་པར་མཛད། རྙིང་ཞིང་རྒས་པ་དེ་མེད་པ་འགྱུར་བར་ཐུག་གོ །

*ལེའུ་བརྒྱད་པ།:12 8:12 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་རེམ་ཡཱ་ཡིས་བྲིས་པའི་མདོ་ལེའུ་31 ཨང་31-34 ལ་འཁོད་ཡོད།