ལེའུ་བཅུ་བཞི་པ།
སྐྱོན་འཛུགས་མི་བྱེད་པའི་སྐོར།
1 ལྟ་ཚུལ་གྱི་སྐོར་རྩོད་གླེང་མི་བྱེད་པར་དད་པ་དམན་པའང་དང་ལེན་བྱོས་ཤིག 2 མི་ཞིག་གིས་ཟས་རིགས་ཐམས་ཅད་ཟ་ཆོག་པར་དད་པ་བྱེད་ཀྱང༌། དད་པ་དམན་པས་སྔོ་ཚོད་ཁོ་ན་ཟ། 3 ཟས་རིགས་ཐམས་ཅད་ཟ་མཁན་གྱིས་ཟས་རིགས་ཐམས་ཅད་མི་ཟ་མཁན་ལ་མཐོང་ཆུང་མ་བྱེད་ཅིང༌། ཟས་རིགས་ཐམས་ཅད་མི་ཟ་མཁན་གྱིས་ཟས་རིགས་ཐམས་ཅད་ཟ་མཁན་ལ་སྐྱོན་འཛུགས་མ་བྱོས་ཤིག གང་ཡིན་ཟེར་ན། དཀོན་མཆོག་གིས་ཁོ་ཡང་དང་ལེན་མཛད། 4 མི་གཞན་གྱི་གཡོག་པོར་སྐྱོན་འཛུགས་བྱེད་མཁན་ཁྱོད་སུ་ཡིན། ཁོའི་བདག་པོ་ནི་ཁོ་ལ་གདེང་འཇོག་འཐོབ་བམ་མི་འཐོབ་པར་ཐག་གཅོད་བྱེད་མཁན་ཡིན། ཡང་ཁོ་གནས་པར་འགྱུར་ངེས་ཡིན། གང་ཡིན་ཞེ་ན། གཙོ་བོ་ནི་ཁོ་བརྟན་པོར་གནས་པར་མཛད་མཁན་ཡིན། 5 མི་གཅིག་གིས་ཉིན་མོ་གཅིག་གཞན་ལས་བཟང་བར་རྩི་མོད། གཞན་ཞིག་གིས་ཉིན་མོ་ཐམས་ཅད་གཅིག་པར་རྩི། མི་རེ་རེས་སོ་སོའི་སེམས་ལ་ཐེ་ཚོམ་མེད་པར་བྱེད་དགོས། 6 ཉིན་མོ་གཅིག་གཞན་ལས་བཟང་བར་རྩི་མཁན་གྱིས་གཙོ་བོའི་དོན་ལ་དེ་ལྟར་བྱེད། ཟས་རིགས་ཐམས་ཅད་ཟ་མཁན་གྱིས་གཙོ་བོ་ལ་བཀུར་སྟི་ཞུ་ཆེད་ཟ། གང་ལགས་ཟེར་ན། ཁོས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ། ཟས་རིགས་ཐམས་ཅད་མི་ཟ་མཁན་གྱིས་ཀྱང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་ཏེ་གཙོ་བོ་ལ་བཀུར་སྟི་ཞུ། 7 ངེད་རྣམས་སུས་ཀྱང་རང་གི་དོན་དུ་ཡང་མི་འཚོ། རང་གི་དོན་དུ་ཡང་མི་ཤི 8 འཚོ་ན་གཙོ་བོའི་དོན་དུ་འཚོ། ཤི་ན་གཙོ་བོའི་དོན་དུ་ཤི དེའི་ཕྱིར་ངེད་རྣམས་འཚོ་ནའང་ཤི་ནའང་གཙོ་བོའི་ཡིན། 9 ཤི་གསོན་གཉིས་ཀ་གཙོ་བོའི་ཡིན་པའི་ཆེད་དུ་མཱ་ཤི་ཀ་གྲོངས་ནས་སླར་གསོན་པར་གྱུར་བ་ཡིན། 10 ཁྱོད་ཀྱིས་སྤུན་ཟླ་ལ་སྐྱོན་འཛུགས་ཅིའི་ཕྱིར་བྱེད། ཡང་ན་ཅིའི་ཕྱིར་སྤུན་ཟླ་ལ་མཐོང་ཆུང་བྱེད། གང་ལགས་ཤེ་ན། ང་ཚོ་ཐམས་ཅད་ཁྲིམས་གཅོད་མྱོང་བར་དཀོན་མཆོག་གི་བཞུགས་ཁྲིའི་དྲུང་དུ་འགྲོ་དགོས། 11 མདོ་ལས་བཀོད་པ་ལྟར་ན།
གཙོ་བོས་ང་རང་གསོན་པའི་སྒོ་ནས་ནི། །
བདེན་ཚིག་སྨྲ་རྒྱུར་སྐྱེ་བོ་ཐམས་ཅད་ཀྱིས། །
པུས་མོ་ང་ཡི་མདུན་དུ་འཛུགས་པ་དང༌། །
སྨྲ་ལྕེ་ཀུན་གྱིས་ང་ནི་དཀོན་མཆོག་ཉིད། །
ཡིན་པ་ཁས་སུ་ལེན་པར་བྱེད་པའོ། །* 14:11 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་45 ཨང་གྲངས་23 ལ་འཁོད་ཡོད།
12 དེ་བས་ན་ང་ཚོ་རེ་རེས་བཟང་ངན་ཅི་བྱེད་པའི་སྐོར་དཀོན་མཆོག་ལ་རྩིས་འབུལ་ཞུ་བར་བྱ།
སྤུན་ཟླ་རྣམས་ལ་བར་ཆད་མི་བཟོ་བའི་སྐོར།
13 དེའི་ཕྱིར་ད་ཕྱིན་ཆད་གཅིག་གིས་གཅིག་ལ་སྐྱོན་འདོགས་མ་བྱོས། དེ་ལས་ལྡོག་སྟེ་ང་ཚོས་སྤུན་ཟླ་རྣམས་ལ་བར་ཆད་དམ་འགོག་རྐྱེན་མི་བཟོ་བའི་ཐག་གཅོད་བྱེད་དགོས། 14 ང་གཙོ་བོ་ཡེ་ཤུའི་དད་ལྡན་པ་ཞིག་གིས་ངས་ཡིད་ཆེས་གཏིང་ཟབ་ཀྱི་སྒོ་ནས་འདི་ལྟར་ཤེས། དངོས་པོ་གང་ཡང་རང་བཞིན་གྱིས་མི་གཙང་བ་མ་ཡིན། འོན་ཀྱང་སུ་ཞིག་གིས་དེ་མི་གཙང་བར་བརྩིས་ན་ཁོའི་ཕྱིར་མི་གཙང་བ་ཡིན། 15 ཁྱོད་ཀྱིས་གང་ཟ་བའི་རྐྱེན་གྱིས་ཁྱོད་ཀྱི་སྤུན་ཟླ་སེམས་འཁྲུགས་པར་གྱུར་ན། དེ་བྱམས་སེམས་བཞིན་དུ་མི་སྤྱོད། སྤུན་ཟླའི་ཆེད་དུ་མཱ་ཤི་ཀ་གྲོངས་པས་ཁྱོད་ཀྱིས་གང་ཟ་བའི་རྐྱེན་གྱིས་འཇིག་པར་མ་བྱེད། 16 དེའི་ཕྱིར་ཁྱོད་ཀྱིས་བཟང་པོ་རྩི་བ་དེ་ལ་ངན་པ་ཟེར་དུ་མ་འཇུག 17 གང་ཡིན་ཞེ་ན། དཀོན་མཆོག་གི་རྒྱལ་སྲིད་ནི་ཟ་འཐུང་མིན་ཏེ། དྲང་བདེན་ཉིད་དང༌། ཞི་བདེ། དམ་པའི་ཐུགས་ཉིད་ལས་འབྱུང་བའི་དགའ་སྤྲོ་བཅས་ཡིན། 18 འདི་ལྟའི་སྒོ་ནས་མཱ་ཤི་ཀ་ལ་ཞབས་ཏོག་ཞུ་མཁན་དེ་ལ་དཀོན་མཆོག་ཐུགས་མཉེས་ཤིང༌། མི་རྣམས་ཀྱང་དགའ། 19 དེ་བས་ན་ངེད་རྣམས་ཀྱིས་ཞི་བདེ་དང་ཕན་ཚུན་བློ་སྒོ་འབྱེད་པར་འབད་རྩོལ་བྱེད་དགོས། 20 ཟས་ཀྱི་དོན་དུ་དཀོན་མཆོག་གི་འཕྲིན་ལས་མ་འཇིག ཟས་ཐམས་ཅད་གཙང་མ་ཡིན་ཡང༌། ཟས་རིགས་ཐམས་ཅད་ཟ་བའི་སྒོ་ནས་མི་གཞན་ལ་བར་ཆད་བཏང་ན་དེ་ཡང་མི་དག་པ་ཡིན། 21 ཤ་ཟ་བའམ་རྒུན་ཆང་འཐུང་བ་དང༌། སྤུན་ཟླ་རྣམས་ལ་བར་ཆད་ཅིའང་བཟོ་བ་དེ་གང་ཡང་མ་བྱས་ན་ལེགས་སོ། 22 དོན་དེའི་སྐོར་ཁྱེད་ཀྱི་བསམ་ཚུལ་རང་གི་སེམས་ནང་དཀོན་མཆོག་གི་དྲུང་དུ་སྲུང༌། སུ་ཞིག་གིས་གང་བྱས་ན་བྱེད་ཆོག་པའི་བྱ་བར་སྐྱོན་འཛུགས་མི་བྱེད་པ་དེ་བདེ་བ་ཡིན། 23 འོན་ཀྱང་ཐེ་ཚོམ་ཅན་གྱིས་བཟས་ན། དད་པ་ལས་བྱུང་བ་མ་ཡིན་པས་ཆད་པ་ཕོག་པར་འགྱུར། གང་ཡིན་ཟེར་ན། དད་པ་ལས་མི་འབྱུང་བ་ཐམས་ཅད་ནི་སྡིག་ཉེས་ཡིན་ནོ། །
*ལེའུ་བཅུ་བཞི་པ།:11 14:11 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་45 ཨང་གྲངས་23 ལ་འཁོད་ཡོད།