༄༅། །པའུ་ལུ་ཡིས་ཕི་ལེ་མོན་ལ་བྲིས་པའི་འཕྲིན་ཡིག་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ་པའུ་ལུ།
རྩོམ་དུས། སྤྱི་ལོ་60 གཡས་གཡོན་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། སྐུ་ཚབ་པའུ་ལུའི་རོགས་པ་ཨོ་ནེ་སི་མུ།
ནང་དོན་གཙོ་བོ། ཨོ་ནེ་སི་མུ་ནི་གནའ་རབས་ཀྱི་གྲོང་ཁྱེར་ཀོ་ལོ་སཱ་ལ་སྡོད་མཁན་ཕི་ལེ་མོན་ཞེས་ཟེར་བའི་མཱ་ཤི་ཀ་པ་ཞིག་གི་བྲན་གཡོག་ཡིན། ཨོ་ནེ་སི་མུ་ཁོའི་བདག་པོ་ཕི་ལེ་མོན་གྱི་ཁང་པ་ནས་བྲོས། འོན་ཀྱང་དེའི་རྗེས་སུ་ཁོས་རྒྱལ་ས་རོ་མཱ་ལ་སྐུ་ཚབ་པའུ་ལུ་དང་མཇལ། ཨོ་ནེ་སི་མུ་མཱ་ཤི་ཀ་པར་གྱུར་ནས་སྐུ་ཚབ་པའུ་ལུ་ཡིས་བདག་པོ་ཕི་ལེ་མོན་གྱི་རྩར་ལོག་དགོས་པའི་བློ་འགུགས་བྱས། ཕི་ལེ་མོན་གྱིས་ཨོ་ནེ་སི་མུ་བྲན་གཡོག་ལྟར་མ་ཡིན་ཏེ། སྤུན་ཟླའི་ཚུལ་དུ་ཁྱིམ་ཚང་ལ་བསུ་བ་རེ་འབོད་བྱེད་པའི་ཕྱིར་སྐུ་ཚབ་པའུ་ལུ་ཡིས་འཕྲིན་ཡིག་འདི་བྲིས།
ལེའུ་དང་པོ།
འཚམས་འདྲི།
མཱ་ཤི་ཀ་ཡེ་ཤུའི་དོན་དུ་བཙོན་ནང་ཡོད་པའི་ང་པའུ་ལུ་དང༌། ང་ཚོའི་སྤུན་ཟླ་ཐི་མོ་ཐེ་གཉིས་ཀྱིས། ངེད་རྣམས་ཀྱི་གཅེས་པའི་སྤུན་ཟླ་དང་ལས་གྲོགས་ཕི་ལེ་མོན་དང༌། ངེད་ཀྱི་སྲིང་མོ་ཨ་ཕི་ཡཱ། ང་ཚོའི་དཔུང་གྲོགས་ཨར་ཀིབ་པུ་དང༌། དེ་བཞིན་ཁྱེད་ཀྱི་ཁང་པར་འཛོམས་པའི་ཆོས་ཚོགས་སུ་འཕྲིན་ཡིག་འདི་ཕུལ་ལོ། ང་ཚོའི་ཡབ་དཀོན་མཆོག་དང༌། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ཚོར་འཐོབ་པར་གྱུར་ཅིག
ཕི་ལེ་མོན་གྱི་བྱམས་སེམས་དང་དད་པ།
ངའི་སྤུན་ཟླ་ཕི་ལེ་མོན། ངས་ཁྱེད་ཀྱི་དོན་ལ་སྨོན་ལམ་འདེབས་པའི་དུས་སུ་ངའི་དཀོན་མཆོག་ལ་རྟག་ཏུ་བཀའ་དྲིན་ཆེ་ཞུ། གང་ཡིན་ཟེར་ན། ངས་ཁྱེད་ཀྱིས་དཀོན་མཆོག་གི་མི་ཐམས་ཅད་ལ་བྱམས་ཤིང༌། གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་པའི་སྐོར་ཐོས་པས་སོ། ང་ཚོའི་ཐུན་མོང་གི་དད་པ་ཡིས་མཱ་ཤི་ཀའི་ཐོག་ནས་ཁྱེད་ལ་ཡོད་པའི་བྱིན་རླབས་ཐམས་ཅད་ཀྱི་ཤེས་པ་རྒྱས་པར་འགྱུར་བའི་ཆེད་དུ་ངས་གསོལ་སྨོན་འདེབས། ངའི་སྤུན་ཟླ། ཁྱེད་ཀྱིས་དཀོན་མཆོག་གི་མི་རྣམས་ལ་སེམས་གསོ་བར་བྱས་པས། ཁྱེད་ཀྱི་བྱམས་སེམས་ཀྱི་རྐྱེན་གྱིས་ང་ལ་དགའ་སྤྲོ་དང་སེམས་གསོ་ཆེན་པོ་བྱུང༌།
ཨོ་ནེ་སི་མུ་ཡི་དོན་དུ་ཞུ་བ་ཕུལ།
དེའི་ཕྱིར་མཱ་ཤི་ཀའི་ཐོག་ནས་ཁྱེད་ལ་འཚམ་པའི་བཀའ་སྒོ་བའི་བློ་སྟོབས་ཡོད་ནའང༌། ང་པའུ་ལུ་མི་རྒན་པོ་དང༌། ད་ལྟ་མཱ་ཤི་ཀ་ཡེ་ཤུའི་དོན་དུ་བཙོན་པ་ཞིག་ཡིན་པས། བྱམས་པའི་རྐྱེན་གྱིས་ཁྱེད་ལ་ཞུ་བ་ཞིག་ཞུ། 10 ངའི་བུ་དང་འདྲ་བའི་ཨོ་ནེ་སི་མུ་ཡི་དོན་ལ་ཁྱེད་ལ་རེ་འབོད་བྱེད། བཙོན་དུ་ཡོད་དུས་ང་ནི་ཁོའི་ཕ་ལྟར་གྱུར། 11 སྔོན་མ་ཁོས་ཁྱེད་ལ་མ་ཕན་ཡང༌། ད་ལྟ་ཁྱེད་དང་ང་གཉིས་ལ་ཕན། * 1:11 ཨོ་ནེ་སི་མུ་ཞེས་ཟེར་བའི་དོན་ནི་ཕན་ཐོགས་ཡིན། 12 ང་རང་གི་སྙིང་དང་འདྲ་བའི་ཁོང་ཁྱེད་ཀྱི་རྩར་ཕྱིར་ལོག་གཏོང༌། 13 ང་འཕྲིན་བཟང་གི་རྐྱེན་གྱིས་བཙོན་ཁང་ལ་ཡོད་དུས། ཁྱེད་ཀྱི་ཚབ་ལ་ཁོང་གིས་ང་ལ་གཡོག་བྱེད་པའི་ཕྱིར་ང་དང་མཉམ་དུ་སྡོད་པར་དགའ། 14 འོན་ཏེ་ཁྱེད་ཀྱི་ཆོག་མཆན་མེད་པར་ཅི་ཡང་བྱེད་མི་འདོད། དེ་ནི་ཁྱེད་ཀྱི་ལས་བཟང་པོ་དབང་ཡོད་ཀྱིས་མ་ཡིན་པར་རང་འགུལ་གྱིས་བྱེད་པའི་ཕྱིར་ཡིན། 15 གཅིག་བྱས་ན་ཁྱེད་དང་དུས་རེ་ཞིག་ཁ་བྲལ་བའི་དོན་ནི་ཁོང་ཁྱེད་ལ་དུས་གཏན་དུ་འཐོབ་པའི་ཕྱིར་ཡིན་སྲིད། 16 བྲན་གཡོག་མ་ཡིན་པར། བྲན་གཡོག་ལས་ལྷག་པའི་གཅེས་པའི་སྤུན་ཟླའི་ཚུལ་དུ་ཁོ་ང་ལ་དེ་ལྟར་ཤིན་ཏུ་ལྷག་པར་མི་དང་གཙོ་བོ་གཉིས་ཀའི་ནང་དུ་ཁྱེད་རང་ལའང་དེ་ལྟར་ཡིན། 17 ང་ནི་ཁྱེད་ཀྱི་ལས་གྲོགས་ཡིན་པར་བརྩིས་ན། ང་རང་ཡིན་པ་ལྟར་ཁོང་ཡང་བསུས། 18 ཁོང་གིས་ཁྱེད་ལ་ཉེས་པ་ཞིག་བྱས་སམ། བུ་ལོན་ཞིག་བླངས་ན་ངའི་བུ་ལོན་ལྟར་རྩིས། 19 ང་པའུ་ལུ་རང་གི་ལག་པས་ཡི་གེ་འདི་བྲིས། ངས་བུ་ལོན་དེ་འཇལ། (ངས་ཁྱེད་ལ་ཁྱེད་ཉིད་ཀྱང་ངའི་བུ་ལོན་ཡིན་ཟེར་མི་དགོས་) 20 ངའི་སྤུན་ཟླ། གཙོ་བོའི་ངང་ནས་ཁྱེད་ནས་ང་ལ་ཕན་པ་ཞིག་དགོས། མཱ་ཤི་ཀའི་ཐོག་ནས་ང་ལ་སེམས་གསོ་བྱེད། 21 ཁྱེད་ཀྱིས་ངའི་ཁ་ལ་ཉན་རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་ཡོད། ཁྱེད་ཀྱིས་ངས་ཞུ་བ་ལས་ལྷག་པར་བྱེད་རྒྱུ་ཡིན་པར་ཤེས་ཏེ་ཁྱེད་ལ་ཡི་གེ་འདི་འབྲི། 22 ད་དུང་ངའི་དོན་ལ་གནས་ཚང་ཞིག་གྲ་སྒྲིག་གནང༌། གང་ཡིན་ཞེ་ན། ཁྱེད་ཚོའི་གསོལ་སྨོན་ལ་བརྟེན་ནས་ང་ཁྱེད་ཚོའི་རྩར་འོང་བའི་རེ་བ་ཡོད།
མཐའ་མཇུག་གི་འཚམས་འདྲི།
23 མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ངའི་བཙོན་གྲོགས་ཨེ་པབ་རཱ་དང༌། 24 ངའི་ལས་རོགས་ཡིན་པའི་མར་ཀུ་དང༌། ཨ་རིས་ཐར་ཀུ། དེ་མཱ། ལུ་ཀཱ་བཅས་ཀྱིས་ཁྱེད་ལ་འཚམས་འདྲི་ཞུ། 25 གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཚོའི་སེམས་ལ་ལྡན་པར་གྱུར་ཅིག །

*ལེའུ་དང་པོ།:11 1:11 ཨོ་ནེ་སི་མུ་ཞེས་ཟེར་བའི་དོན་ནི་ཕན་ཐོགས་ཡིན།