ལེའུ་ལྔ་པ།
བླ་ཆེན་གཙོ་བོ་རེ་རེ་བཞིན་མི་རྣམས་ཀྱི་ཁྲོད་ནས་བདམས། ཁོང་ནི་དཀོན་མཆོག་གི་སྤྱན་སྔར་མི་རྣམས་ཀྱི་ཚབ་བྱེད་པ་དང༌། སྡིག་ཉེས་དག་པའི་ཕྱིར་དཀོན་མཆོག་ལ་འབུལ་བ་དང་དམར་མཆོད་རྣམས་འབུལ་བའི་ཆེད་དུ་སྐོ། མི་ཤེས་པ་དང་ལམ་ནོར་བ་རྣམས་ལ་བཟོད་པ་དང་ལྡན་པར་སྙིང་རྗེ་བྱེད་ཐུབ། གང་ལགས་ཤེ་ན། ཁོ་རང་ལ་ཡང་ཞན་ཆ་ཡོད་པས། མི་རྣམས་ཀྱི་ཆེད་དུ་མ་ཟད། རང་ཉིད་ཀྱི་སྡིག་ཉེས་དག་པའི་དོན་དུའང་དམར་མཆོད་འབུལ་དགོས། སུ་ལ་ཡང་རང་འདོད་པའི་རྐྱེན་གྱིས་གོ་ས་དེ་མི་ལེན་པར། བླ་ཆེན་གཙོ་བོ་ཨ་རོན་ལྟར་དཀོན་མཆོག་གིས་མི་དེ་བོས་པར་མཛད་པ་ཁོ་ནར་འཐོབ། དེ་བཞིན་དུ་བླ་ཆེན་གཙོ་བོར་འགྱུར་བའི་ཕྱིར་མཱ་ཤི་ཀ་ཡིས་རང་ལ་བཀུར་སྟི་མཛད་པ་མ་ཡིན་པར། དཀོན་མཆོག་གིས་ཁོང་བསྐོས་ཏེ།
ཁྱེད་ནི་ང་ཡི་བུ་ཉིད་ཡིན་པས་ན། །
དེ་རིང་ང་ནི་ཁྱེད་ཀྱི་ཕ་རུ་གྱུར། །* 5:5 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་2 ཨང་7 ནས་བཀོད་པ་ཡིན།
ཞེས་གསུངས། ཡང་མདོ་གཞན་ལས།
མེལ་ཀི་ཟེ་དེག་གི་དཔེ་ལྟར། །
ཁྱེད་ནི་གཏན་གྱི་བླ་ཆེན་ཡིན། ། 5:6 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་110 ཨང་4 ནས་བཀོད་པ་ཡིན།
ཞེས་འཁོད། ཡེ་ཤུ་འཇིག་རྟེན་འདིར་བཞུགས་པའི་དུས་སུ་བཤུམས་ཏེ་གསུང་སྐད་ཆེན་པོས་ཁོང་འཆི་བ་ལས་སྐྱོབ་ཐུབ་མཁན་དཀོན་མཆོག་ལ་གསོལ་སྨོན་དང་ཞུ་བ་ཕུལ་བས། དཀོན་མཆོག་ལ་བཀུར་སྟི་མཛད་པའི་རྐྱེན་གྱིས་ཁོང་ལ་གསན་ནོ། ཁོང་ནི་སྲས་ཡིན་ཡང༌། ཁོང་གིས་སྡུག་བསྔལ་མྱོང་བའི་སྒོ་ནས་བཀའ་ལ་ཉན་པར་བསླབས་ཤིང༌། ཡོངས་སུ་རྫོགས་པར་མཛད་ནས་ཁོང་གི་བཀའ་ལ་ཉན་མཁན་ཐམས་ཅད་ཀྱི་ཕྱིར་གཏན་དུ་ཐར་པ་ཐོབ་པའི་འབྱུང་ཁུངས་སུ་གྱུར་ཏེ། 10 དཀོན་མཆོག་གིས་ཁོང་ལ་མེལ་ཀི་ཟེ་དེག་དཔེ་ལྟར་བླ་ཆེན་གཙོ་བོར་བསྐོས་པར་མཛད།
དད་པ་ལོག་པའི་སྐོར།
11 དེའི་སྐོར་ལ་ང་ཚོར་སྨྲ་རྒྱུ་མང་པོ་ཡོད་ཀྱང༌། ཁྱེད་ཚོ་སེམས་གྱོང་པོར་གྱུར་བས་གསལ་བཤད་བྱེད་པར་ཁག་པོ་ཡིན། 12 ད་ལྟ་ཁྱེད་ཚོ་སློབ་དཔོན་གྱུར་དགོས་ཀྱང༌། མི་ཞིག་གིས་ཁྱེད་རྣམས་ལ་དཀོན་མཆོག་གི་བཀའ་ཡི་ཐོག་མའི་རྩ་དོན་ཡང་བསྐྱར་སློབ་དགོས། ཁྱེད་ཚོར་བྱིས་པ་ལྟར་ཟས་མིན་ཏེ་འོ་མ་དགོས། 13 གང་ཡིན་ཟེར་ན། འོ་མ་ཁོ་ན་འཐུང་མཁན་ནི་བྱིས་པ་ཡིན་པས་རྣམ་པར་དག་པའི་སྐོར་བསྟན་པ་དེ་མི་ཤེས། 14 འོན་ཀྱང་ཟས་ནི་སེམས་ཉིད་སྨིན་པ་རྣམས་ཀྱི་ཆེད་དུ་ཡིན། ཁོ་ཚོར་ལག་ལེན་བྱེད་པའི་སྒོ་ནས་བཟང་ངན་གྱི་དབྱེ་བ་འབྱེད་པའི་མཁས་པར་གྱུར་རོ། །

*ལེའུ་ལྔ་པ།:5 5:5 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་2 ཨང་7 ནས་བཀོད་པ་ཡིན།

ལེའུ་ལྔ་པ།:6 5:6 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་110 ཨང་4 ནས་བཀོད་པ་ཡིན།