ལེའུ་བཅུ་གསུམ་པ།
མཐའ་མཇུག་གི་ཉེན་བརྡ།
ད་ཐེངས་གསུམ་པར་ང་ཁྱོད་ཚོའི་རྩར་ཡོང་བཞིན་ཡོད། མདོ་ལས་བཀོད་པ་ལྟར། ར་སྤྲོད་བྱེད་པའི་ཕྱིར་ཉེས་འགེལ་ཅི་ལ་ཡང་དཔང་པོ་བྱེད་མཁན་གཉིས་གསུམ་དགོས། * 13:1 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་19 ཨང་གྲངས་15 ལ་འཁོད་ཡོད། ཐེངས་གཉིས་པ་དེར་ཡོད་དུས་ངས་སྔར་སྡིག་ཉེས་བྱས་པ་དང་གཞན་ཐམས་ཅད་ལ་ཉེན་བརྡ་བཏང༌། ད་ང་དེར་མེད་ཀྱང་ངས་ཡང་བསྐྱར་འདི་ལྟར་ཟེར། དེར་ལོག་སྐབས་ངས་ཁོ་ཚོར་བཟོད་སྒོམ་མི་བྱེད། རྒྱུ་མཚན་ནི་ཁྱོད་ཚོས་མཱ་ཤི་ཀས་ང་བརྒྱུད་ནས་གསུང་པ་དེ་ར་སྤྲོད་བྱེད་འདོད། ཁོང་ནི་ཁྱོད་ཚོའི་དོན་སྒྲུབ་པར་སྟོབས་ཞན་པ་མ་ཡིན་གྱི། ཁྱོད་ཚོའི་ཁྲོད་དུ་ནུས་མཐུ་ཧ་ཅང་ཆེ། ཁོང་ནི་སྟོབས་མེད་པའི་ངང་ནས་རྒྱང་ཤིང་སྒང་ལ་བསད་ཀྱང༌། དཀོན་མཆོག་གི་ནུས་མཐུ་ཡིས་གསོན། དེ་ལྟར་ང་ཚོའང་ཁོང་གི་ནང་ན་སྟོབས་མེད་པ་ཡིན་ཡང༌། ཁྱོད་ཚོར་གཡོག་བྱེད་པའི་ཕྱིར་དཀོན་མཆོག་གི་ནུས་མཐུའི་སྒོ་ནས་ངེད་རྣམས་ཁོང་དང་མཉམ་དུ་གསོན་ནོ། །
དད་པ་ལ་གནས་སམ་མི་གནས་པར་ཤེས་པའི་ཕྱིར་ཁྱོད་ཚོ་རང་གིས་རང་ལ་ཚོད་ལྟ་གྱིས་ཤིག རང་གིས་རང་ལ་བརྟག་དཔྱད་བྱོས་ཤིག ཚད་མ་ལོན་པ་མ་གཏོགས་ཡེ་ཤུ་མཱ་ཤི་ཀ་ཁྱོད་ཚོའི་ནང་ན་བཞུགས་པར་མི་ཤེས་སམ། ང་ཚོ་ཚད་མ་ལོན་པ་མ་ཡིན་པར་ཁྱོད་ཚོས་ཤེས་པའི་རེ་བ་ཡོད། ང་ཚོ་ཚད་ལོན་པ་ཡིན་པར་མཐོང་བའི་ཕྱིར་མ་ཡིན་གྱི། ང་ཚོ་ཚད་མ་ལོན་པ་ལྟར་ཡོད་ཀྱང་ཁྱོད་ཚོས་འོས་པ་གང་ཡིན་པ་བྱེད་པའི་ཕྱིར། ཁྱོད་ཚོས་ངན་པ་མི་བྱེད་པ་ང་ཚོས་དཀོན་མཆོག་ལ་གསོལ་བ་འདེབས། གང་ཡིན་ཞེ་ན། བདེན་པ་ལ་རྒོལ་བའི་དབང་ཆ་མེད་དེ། ང་ཚོས་བདེན་པ་དང་མཐུན་པ་འབའ་ཞིག་བྱེད་ཐུབ། ང་ཚོ་སྟོབས་ཞན་པ་དང་ཁྱེད་ཚོ་སྟོབས་དང་ལྡན་པའི་ཚེ་ང་ཚོ་དགའ་བར་བྱེད། ཡང་ཁྱེད་ཚོ་སེམས་ཉིད་སྨིན་པར་འགྱུར་བའི་ཕྱིར་ང་ཚོས་གསོལ་བ་འདེབས། 10 ང་ཡོང་ནས་གཙོ་བོས་ང་ལ་གནང་བའི་དབང་གིས་ཁྱོད་ཚོར་དབང་ཆ་ནན་པོ་སྤྱོད་མི་དགོས་པའི་ཕྱིར་ང་དེར་མེད་པའི་དུས་སུ་དོན་འདི་རྣམས་འབྲི། དབང་དེ་ནི་ཁྱེད་ཚོ་ཡར་རྒྱས་གཏོང་བ་ལས་རྒུད་དུ་མི་འཇུག་པའི་ཆེད་དུ་ཡིན།
མཐའ་མཇུག་གི་འཚམས་འདྲི།
11 མཐར་སྤུན་ཟླ་རྣམས། དགའ་བར་གྱིས། ཡོངས་སུ་རྫོགས་པར་འགྱུར་བའི་འབད་རྩོལ་བྱེད། ངའི་སྐུལ་མ་ལ་ཉན། ཡིད་མཐུན་ཏེ་ཁྱེད་ཚོ་མཉམ་དུ་ཞི་བདེར་གནས། བྱམས་པ་དང་ཞི་བདེ་གནང་མཁན་དཀོན་མཆོག་ཁྱེད་ཚོ་དང་མཉམ་དུ་བཞུགས་པར་འགྱུར། 12 བྱམས་སེམས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་འོ་ཡིས་འཚམས་འདྲི་ཞུས། 13 དད་ལྡན་ཐམས་ཅད་ཀྱིས་ཁྱེད་ཚོར་འཚམས་འདྲི་ཞུ། 14 གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་དང༌། དཀོན་མཆོག་གི་བྱམས་པ། དམ་པའི་ཐུགས་ཉིད་དང་འགྲོགས་པ་དེ་ཁྱེད་ཐམས་ཅད་ལ་ལྡན་པར་གྱུར་ཅིག །

*ལེའུ་བཅུ་གསུམ་པ།:1 13:1 ལུང་སྟོན་པ་མོ་ཤེའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་19 ཨང་གྲངས་15 ལ་འཁོད་ཡོད།