ལེའུ་བཅོ་ལྔ་པ།
མཱ་ཤི་ཀ་སླར་གསོན་པའི་སྐོར།
སྤུན་ཟླ་རྣམས། ངས་ཁྱེད་ཚོར་སྔར་བསྒྲགས་པའི་འཕྲིན་བཟང་ཁྱེད་རྣམས་ལ་དྲན་སྐུལ་བྱེད་པར་འདོད། འཕྲིན་བཟང་དེ་ཁྱེད་ཚོས་དང་ལེན་བྱས་ཤིང༌། དེ་ལ་བརྟན་པོར་ཡང་གནས། ངས་ཁྱེད་ཚོར་བསྒྲགས་པའི་འཕྲིན་བཟང་ལ་བརྟན་པོར་གནས་ན་དེའི་སྒོ་ནས་ཁྱེད་རྣམས་ཐར་བར་འགྱུར། དེ་མིན་ཁྱེད་ཚོས་དོན་མེད་དུ་དད་པ་བྱས། ང་ལ་ཐོབ་ནས་གལ་ཆེ་ཤོས་གང་ཡིན་པ་ལྟར་ཁྱེད་རྣམས་ལ་གཏད་པ་ནི་འདི་ལྟར་ཡིན། གསུང་རབ་བཞིན་དུ་ང་ཚོའི་སྡིག་ཉེས་ཀྱི་ཕྱིར་མཱ་ཤི་ཀ་གྲོངས་ཏེ། དུར་དུ་བཅུག་ནས་གསུང་རབ་ལ་བྲིས་པ་ལྟར་ཉིན་གསུམ་པར་ཁོང་སླར་སྐུ་གསོན་པོར་བཞེངས་སུ་གྱུར། ཡང་ཁོང་ཀེ་ཕཱ་དང༌། དེ་ནས་བཅུ་གཉིས་པོ་ལ་མངོན་སུམ་དུ་གྱུར་ནས། * 15:5 བཅུ་གཉིས་པོ་ནི་གཙོ་བོ་ཡེ་ཤུའི་ཉེ་གནས་བཅུ་གཉིས་ཡིན། སྤུན་ཟླ་ལྔ་བརྒྱ་ལས་མང་བ་ལ་དུས་གཅིག་ཏུ་མངོན་པར་གྱུར། ཁོང་ཚོ་ལས་ཁ་ཤས་གྲོངས་ཀྱང༌། མང་ཆེ་བ་ད་ལྟའི་བར་དུ་གསོན་པོར་གནས། དེ་ནས་ཡ་ཀོབ་དང༌། དེའི་རྗེས་སུ་སྐུ་ཚབ་ཐམས་ཅད་ལ་མངོན་པར་གྱུར། ཡང་ཁོང་ཚོ་ཐམས་ཅད་ཀྱི་རྗེས་སུ། དུས་མ་རན་པའི་སྐྱེ་བ་དང་འདྲ་བའི་ང་ལའང་མངོན་པར་གྱུར། དཀོན་མཆོག་གི་ཆོས་ཚོགས་ལ་མནར་གཅོད་བྱས་པས་ང་ནི་སྐུ་ཚབ་རྣམས་ལས་དམའ་ཤོས་ཡིན་ཞིང༌། སྐུ་ཚབ་ཅེས་ཟེར་བར་མི་འོས། 15:9 སྐུ་ཚབ་རྣམས་ཀྱི་མཛད་པ་ལེའུ་8 ཨང་གྲངས་3 ལ་གཟིགས། 10 འོན་ཀྱང་དཀོན་མཆོག་གི་ཐུགས་རྗེའི་སྒོ་ནས་ང་འདི་ལྟར་ཡིན་ཞིང༌། ཁོང་གིས་ང་ལ་གནང་བའི་ཐུགས་རྗེ་དེ་དོན་མེད་པར་མ་གྱུར་གྱིས། ཁོང་ཚོ་ཐམས་ཅད་ལས་ངས་ལྷག་པར་དཀའ་ལས་བརྒྱབ། ང་རང་གིས་མ་བརྒྱབ་སྟེ། ང་དང་འགྲོགས་པའི་དཀོན་མཆོག་གི་ཐུགས་རྗེས་མཛད། 11 འོ་ན་ངའམ། ཁོང་ཚོ་ཡིན་རུང༌། ངེད་རྣམས་ཀྱིས་དེ་ལྟར་སྒྲོག་ཅིང༌། ཁྱེད་ཚོས་དེ་ལྟར་དད་པ་བྱས།
དད་ལྡན་རྣམས་སླར་གསོན་པའི་སྐོར།
12 མཱ་ཤི་ཀ་འཆི་བ་ནས་སྐུ་གསོན་པོར་གྱུར་བ་བསྒྲགས་ན། ཁྱོད་ཚོའི་ནང་ནས་ཁ་ཤས་ཀྱིས་འཆི་བ་ནས་སླར་གསོན་དུ་འགྱུར་མེད་པ་དེ་ཅི་ལྟར་ཟེར། 13 འཆི་བ་ནས་སླར་གསོན་པ་མེད་ན། མཱ་ཤི་ཀའང་འཆི་བ་ནས་སྐུ་གསོན་པོར་བཞེངས་སུ་མ་གྱུར། 14 ཡང་མཱ་ཤི་ཀ་སྐུ་གསོན་པོར་བཞེངས་སུ་མ་གྱུར་ན། ང་ཚོས་གང་སྒྲོག་པ་དང༌། ཁྱོད་ཚོའི་དད་པ་གཉིས་ནི་དོན་མེད་ཡིན། 15 དེ་མ་ཟད་འཆི་བ་ནས་སླར་གསོན་པ་མེད་ན། དཀོན་མཆོག་གིས་མཱ་ཤི་ཀ་སྐུ་གསོན་པོར་བཞེངས་སུ་མ་མཛད་ཅིང༌། ཁོང་སྐུ་གསོན་པོར་བཞེངས་སུ་གྱུར་བ་བཤད་པས་ང་ཚོ་དཀོན་མཆོག་ལ་རྫུན་གྱི་དཔང་པོ་བྱེད་མཁན་དུ་འགྱུར། 16 གང་ཡིན་ཞེ་ན། འཆི་བ་ནས་སླར་གསོན་པ་མེད་ན་མཱ་ཤི་ཀའང་འཆི་བ་ནས་སླར་གསོན་དུ་མ་གྱུར། 17 ཡང་མཱ་ཤི་ཀ་སླར་གསོན་དུ་མ་གྱུར་ན་ཁྱོད་ཚོའི་དད་པ་སྟོང་པ་ཡིན་ལ། ད་དུང་སྡིག་ཉེས་ཀྱི་ནང་དུ་གནས། 18 དེ་ལྟར་ཡིན་ན་མཱ་ཤི་ཀ་ལ་དད་དེ་གྲོངས་པ་རྣམས་འཇིག་པར་གྱུར། 19 གལ་ཏེ་ཚེ་འདི་འབའ་ཞིག་གི་ཕྱིར་མཱ་ཤི་ཀ་ལ་རེ་བ་བྱས་ན། མི་ཐམས་ཅད་ལས་ང་ཚོ་སྡུག་གོ །
20 འོན་ཀྱང་མཱ་ཤི་ཀ་དངོས་གནས་འཆི་བ་ནས་སླར་གསོན་པོར་གྱུར་བས། ཁོང་ནི་གཤིན་པོ་རྣམས་ལས་སླར་གསོན་དུ་འགྱུར་བ་རྣམས་ནས་དང་པོ་ཡིན། 21 མི་གཅིག་ནས་འཆི་བ་བྱུང་བས། མི་གཅིག་ནས་འཆི་བ་ནས་སླར་གསོན་པོར་འགྱུར་བ་དེའང་བྱུང༌། 22 ཨ་དམ་གྱི་སྒོ་ནས་མི་ཚང་མ་འཆི་བ་ལྟར། མཱ་ཤི་ཀའི་སྒོ་ནས་མི་ཚང་མ་གསོན་པོར་མཛད་པར་འགྱུར། 23 འོན་ཀྱང་དེ་ནི་རིམ་པ་བཞིན་དུ་འབྱུང༌། ལོ་ཏོག་གི་ཕུད་དང་པོ་དེ་མཱ་ཤི་ཀ་ཡིན་ཞིང༌། དེ་ནས་ཁོང་སླར་ཕེབས་པའི་སྐབས་སུ་ཁོང་གི་ཁོངས་སུ་གཏོགས་པ་རྣམས་འཆི་བ་ནས་སླར་གསོན་པོར་འགྱུར། 24 དེ་ནས་མངའ་ཐང་དང༌། དབང་དང༌། མཐུ་གང་ཡོད་པ་མེད་པར་མཛད་རྗེས་ཁོང་གིས་ཡབ་དཀོན་མཆོག་ལ་རྒྱལ་སྲིད་གཏད་པར་གནང་ནས་དུས་ཀྱི་མཐའ་མ་འོང་བར་འགྱུར། 25 ཡང་མཱ་ཤི་ཀས་དགྲ་བོ་ཐམས་ཅད་ཁོང་གི་ཞབས་འོག་ཏུ་མ་འཇུག་པའི་བར་དུ་ཁོང་གིས་དབང་སྒྱུར་དགོས། 15:25 གསུང་མགུར་ཞེས་པའི་མདོ་ལེའུ་110 ཨང་1 ལ་གཟིགས། 26 མེད་པར་མཛད་རྒྱུ་ཡིན་པའི་དགྲ་བོ་མཐའ་མ་ནི་འཆི་བ་ཡིན། 27 གང་ལགས་ཤེ་ན། དཀོན་མཆོག་གིས་དོན་ཐམས་ཅད་མཱ་ཤི་ཀའི་ཞབས་འོག་ཏུ་བཅུག་པར་མཛད། འོན་ཀྱང་གསུང་རབ་ནང་དོན་ཐམས་ཅད་དབང་འོག་ཏུ་འཇུག་པར་གྱུར་ཞེས་འཁོད་པའི་ཐམས་ཅད་ཅེས་པ་ནི་མཱ་ཤི་ཀའི་དབང་འོག་ཏུ་འཇུག་མཁན་དཀོན་མཆོག་རང་ཉིད་མ་གཏོགས་པ་གསལ་པོ་ཡིན། § 15:27 གསུང་མགུར་ཞེས་པའི་མདོ་ལེའུ་8 ཨང་གྲངས་6 ནས་བཀོད་པ་ཡིན། 28 དཀོན་མཆོག་གིས་ཐམས་ཅད་མཱ་ཤི་ཀའི་དབང་འོག་ཏུ་འཇུག་པར་མཛད་ནས་སྲས་མཱ་ཤི་ཀ་རང་ཉིད་ཐམས་ཅད་དབང་འོག་ཏུ་འཇུག་མཁན་དཀོན་མཆོག་གི་དབང་འོག་ཏུ་འཇུག་པར་འགྱུར། དེ་ནི་དཀོན་མཆོག་ཡོད་ཚད་ཀྱི་ཡོད་ཚད་ཡིན་པའི་ཕྱིར་རོ། 29 དེ་མིན་གཤིན་པོའི་དོན་ལ་ཁྲུས་གསོལ་ལེན་པ་རྣམས་ཀྱིས་ཅི་བྱེད་པར་འགྱུར། གཤིན་པོ་སླར་གསོན་པོར་མཛད་མི་སྲིད་ན་ཁོ་ཚོས་ཅིའི་ཕྱིར་གཤིན་པོའི་དོན་ལ་ཁྲུས་གསོལ་ལེན། 30 ཡང་ང་ཚོ་ནི་ཆུ་ཚོད་རེ་བཞིན་རང་ལ་སྲོག་ཉེན་བཟོ་བའི་དོན་ཅི་ཡིན། 31 སྤུན་ཟླ་རྣམས། མཱ་ཤི་ཀ་ཡེ་ཤུ་ང་ཚོའི་གཙོ་བོ་བརྒྱུད་ནས་ཁྱེད་ཚོ་ངའི་སྤོབས་པ་ཡིན་ངེས་པ་ལྟར། ང་ལ་ཉིན་རེ་བཞིན་འཆི་བའི་ཉེན་ཁ་ཡོད། 32 གལ་ཏེ་མིའི་རིགས་ཀྱི་ཆ་ནས་ངས་ཨེ་ཕེ་སུ་གྲོང་ཁྱེར་དུ་གཅན་གཟན་དང་འཐབས་ན་ང་ལ་ཅི་ཕན། གལ་ཏེ་གཤིན་པོ་རྣམས་སླར་གསོན་པ་མེད་ན། གསུང་རབ་ནང་འཁོད་པ་ལྟར། སང་ཉིན་ང་ཚོ་འཆི་རྒྱུ་ཡིན་པས་ད་ནས་ཟ་འཐུང་ལོངས་སྤྱོད་བྱའོ་ཞེས་གསུངས། * 15:32 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་22 ཨང་13 ལ་འཁོད་ཡོད། 33 མགོ་མ་འཁོར་ཞིག ཁ་དཔེ་ལྟར་གྲོགས་ངན་པས་སྤྱོད་བཟང་རློག 34 བློ་ཁུག་སྟེ་སྡིག་ཉེས་མ་བྱེད་ཅིག ཁྱོད་ཚོའི་ནང་ནས་ཁ་ཤས་ཀྱིས་དཀོན་མཆོག་ཀྱང་ངོ་མི་ཤེས་པས་ཁྱོད་ཚོ་ངོ་ཚ་བར་འགྱུར་དགོས།
སླར་གསོན་པའི་ལུས་ཀྱི་སྐོར།
35 མི་ཞིག་གིས་གཤིན་པོ་ཅི་ལྟར་ལང༌། ཅི་ལྟ་བུའི་གཟུགས་དང་ལྡན་ཏེ་འོང་ཞེས་འདྲི། 36 བླུན་པོ་ཁྱོད། ཁྱོད་ཀྱིས་བཏབ་པའི་ས་བོན་མ་ཤི་ན་སྐྱེ་བར་མི་འགྱུར། 37 ཡང་ཁྱོད་ཀྱིས་བཏབ་པ་ནི་སྐྱེ་རྒྱུ་ཡིན་པའི་རྩི་ཤིང་ལ་སོགས་པའི་གཟུགས་མིན་ཏེ། གྲོ་ལ་སོགས་པའི་འབྲུ་རྡོག་འབའ་ཞིག་ཡིན། 38 དཀོན་མཆོག་གིས་རང་གི་དགོངས་པ་ལྟར་ས་བོན་དེ་དང༌། ས་བོན་རིགས་རེར་སོ་སོའི་གཟུགས་གནང༌། 39 གཟུགས་པོ་ནི་གཅིག་པ་མ་ཡིན། མི་དང༌། དུད་འགྲོ བྱ་བྱིའུ། ཉའི་གཟུགས་སོ་སོ་ཡིན། 40 དེ་ལྟར་ནམ་མཁའ་ལ་གཟུགས་དང་ས་ལ་གཟུགས་ཀྱང་ཡོད། ནམ་སའི་གཟུགས་གཉིས་ཀྱི་གཟི་བརྗིད་མི་འདྲ་བ་ཡིན། 41 ཉི་མ་དང༌། ཟླ་བ། སྐར་མའི་གཟི་བརྗིད་སོ་སོ་ཡིན་ཏེ། སྐར་མ་དང་སྐར་མའི་གཟི་བརྗིད་ཀྱང་མི་འདྲ།
42 གཤིན་པོ་རྣམས་འཆི་བ་ནས་སླར་གསོན་པའང་དེ་ལྟར་ཡིན། འཇིག་པའི་གཟུགས་ཤིག་འདེབས་ཀྱང༌། འཇིག་རྒྱུ་མེད་པའི་གཟུགས་ཤིག་གསོན་པོར་ལང་བར་མཛད་པར་འགྱུར། 43 གཟུགས་པོ་ནི་གཟི་བརྗིད་མེད་པར་ས་ལ་འདེབས་ཀྱང༌། གཟི་བརྗིད་དང་ལྡན་ཏེ་གསོན་པོར་ལང་བར་འགྱུར། སྟོབས་མེད་པར་འདེབས་ཀྱང༌། སྟོབས་དང་ལྡན་པར་གསོན་པོར་ལང་བར་འགྱུར། 44 ཤ་ཁྲག་གི་གཟུགས་བཏབ་ནས་སེམས་ཉིད་ཀྱི་གཟུགས་གསོན་པོར་ལང༌། ཤ་ཁྲག་གི་གཟུགས་ཡོད་ན་སེམས་ཉིད་ཀྱི་གཟུགས་ཀྱང་ཡོད། 45 དེའི་ཕྱིར་གསུང་རབ་ནང་མི་དང་པོ་ཨ་དམ་སྲོག་དང་ལྡན་པར་གྱུར་ཞེས་བྲིས་འདུག ཨ་དམ་ཕྱི་མ་མཱ་ཤི་ཀ་དེ་ཚེ་གནང་བའི་ཐུགས་ཉིད་གཅིག་ཏུ་གྱུར། 15:45 ལུང་སྟོན་པ་མོ་ཤེའི་མདོ་དང་པོ་སྟེ་འགོད་པ་ལེའུ་2 ཨང་གྲངས་7 ལ་གཟིགས། 46 འོན་ཀྱང་སེམས་ཉིད་ཡིན་པ་དེ་དང་པོ་མིན། ཤ་ཁྲག་གི་གཟུགས་དང་པོ་ཡིན་ཞིང༌། དེ་ནས་སེམས་ཉིད་ཀྱི་གཟུགས་ཕྱི་མ་ཡིན། 47 མི་དང་པོ་ས་ནས་ཡིན་ཞིང༌། ས་སྟེང་གི་ཐལ་བ་ལས་བྱུང༌། མི་ཕྱི་མ་དེ་དཀོན་མཆོག་གི་ཞིང་ཁམས་ནས་ཡིན། 48 ས་ནས་ཡིན་པ་རྣམས་ས་ནས་ཡིན་པའི་མི་དེ་དང་འདྲ་བ་ཡིན་ཞིང༌། དཀོན་མཆོག་གི་ཞིང་ཁམས་ནས་ཡིན་པ་རྣམས་དཀོན་མཆོག་གི་ཞིང་ཁམས་ནས་ཡིན་པའི་མི་དེ་དང་འདྲ་བ་ཡིན། 49 ད་ལྟ་ང་ཚོ་ས་ནས་ཡིན་པའི་མི་དེ་དང་འདྲ་བ་ཡིན། ཕྱིས་སུ་ངེད་རྣམས་དཀོན་མཆོག་གི་ཞིང་ཁམས་ནས་ཡིན་པའི་མི་དེ་དང་འདྲ་བར་འགྱུར།
50 སྤུན་ཟླ་རྣམས། ངས་འདི་ལྟར་སྨྲ། ཤ་ཁྲག་གི་གཟུགས་པོ་དང་ལྡན་པ་རྣམས་དཀོན་མཆོག་གི་རྒྱལ་སྲིད་ལ་འཛུལ་བར་མི་སྲིད། ཡང་འཇིག་པ་ལ་འཇིག་རྒྱུ་མེད་པ་མི་འཐོབ། 51 ཉོན་ཞིག ངས་ཁྱེད་རྣམས་ལ་གསང་བ་ཞིག་སྨྲ་སྟེ། ང་ཚོ་ཐམས་ཅད་མི་འཆི་ཡང༌། ཐམས་ཅད་སྒྱུར་འོང༌། 52 དུང་སྐད་མཐའ་མ་སྒྲོག་པའི་ཚེ། མིག་ཟུང་གདངས་བཙུམ་གྱི་ཡུན་ཙམ་ལ། དུང་སྐད་བསྒྲགས་ནས་གཤིན་པོ་རྣམས་མི་འཇིག་པར་གསོན་པོར་མཛད་པར་འགྱུར་ཞིང༌། ང་ཚོ་ཡང་སྒྱུར་ངེས་སོ། 53 གང་ཡིན་ཞེ་ན། འཇིག་པའི་གཟུགས་པོ་འདི་འཇིག་རྒྱུ་མེད་པ་དང༌། འཆི་བའི་གཟུགས་པོ་འདི་འཆི་རྒྱུ་མེད་པ་འགྱུར་དགོས། 54 འཇིག་པའི་གཟུགས་པོ་འདི་འཇིག་རྒྱུ་མེད་པ་དང༌། འཆི་བའི་གཟུགས་པོ་འདི་འཆི་རྒྱུ་མེད་པར་འགྱུར་སྐབས། གསུང་རབ་ནང་དུ། འཆི་བ་ཕམ་ནས་ཡོངས་སུ་མེད་པར་གྱུར་ཞེས་འཁོད་པ་ལྟར་འགྲུབ་པར་འགྱུར། 15:54 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་25 ཨང་8 ལ་གཟིགས། 55 ཡང་གསུང་རབ་ཀྱི་མདོ་ལས།
ཝ་ཡེ་འཆི་བ།
ཁྱོད་ཀྱི་རྒྱལ་ཁ་གང་དུ་ཡོད། །
ཁྱོད་ཀྱི་མདུང་ཡང་གང་དུ་ཡོད། །§ 15:55 ཚིགས་བཅད་འདི་ནི་ལུང་སྟོན་པ་ཧོ་ཤེ་ཨ་ཡིས་བྲིས་པའི་མདོ་ལེའུ་13 ཨང་14 ལ་འཁོད་ཡོད།
ཅེས་གསུངས། 56 འཆི་བའི་མདུང་ནི་སྡིག་ཉེས་དང༌། སྡིག་ཉེས་ཀྱི་དབང་ནི་ཆོས་ཁྲིམས་ཡིན། 57 ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྒོ་ནས་ང་ཚོར་རྒྱལ་བ་གནང་བའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུའོ། 58 དེའི་ཕྱིར་ངའི་གཅེས་པའི་སྤུན་ཟླ་རྣམས། གཙོ་བོའི་ནང་ཁྱེད་ཀྱི་དཀའ་ལས་དོན་མེད་མིན་པར་ཤེས་པས། བརྟན་པོ་དང་གཡོ་བ་མེད་པར་གནས་ཏེ་རྟག་ཏུ་གཙོ་བོའི་ཕྱག་ལས་ལ་ཧུར་བརྩོན་གྱིས་ཤིག །

*ལེའུ་བཅོ་ལྔ་པ།:5 15:5 བཅུ་གཉིས་པོ་ནི་གཙོ་བོ་ཡེ་ཤུའི་ཉེ་གནས་བཅུ་གཉིས་ཡིན།

ལེའུ་བཅོ་ལྔ་པ།:9 15:9 སྐུ་ཚབ་རྣམས་ཀྱི་མཛད་པ་ལེའུ་8 ཨང་གྲངས་3 ལ་གཟིགས།

ལེའུ་བཅོ་ལྔ་པ།:25 15:25 གསུང་མགུར་ཞེས་པའི་མདོ་ལེའུ་110 ཨང་1 ལ་གཟིགས།

§ལེའུ་བཅོ་ལྔ་པ།:27 15:27 གསུང་མགུར་ཞེས་པའི་མདོ་ལེའུ་8 ཨང་གྲངས་6 ནས་བཀོད་པ་ཡིན།

*ལེའུ་བཅོ་ལྔ་པ།:32 15:32 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་22 ཨང་13 ལ་འཁོད་ཡོད།

ལེའུ་བཅོ་ལྔ་པ།:45 15:45 ལུང་སྟོན་པ་མོ་ཤེའི་མདོ་དང་པོ་སྟེ་འགོད་པ་ལེའུ་2 ཨང་གྲངས་7 ལ་གཟིགས།

ལེའུ་བཅོ་ལྔ་པ།:54 15:54 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་25 ཨང་8 ལ་གཟིགས།

§ལེའུ་བཅོ་ལྔ་པ།:55 15:55 ཚིགས་བཅད་འདི་ནི་ལུང་སྟོན་པ་ཧོ་ཤེ་ཨ་ཡིས་བྲིས་པའི་མདོ་ལེའུ་13 ཨང་14 ལ་འཁོད་ཡོད།