ལེའུ་གཉིས་པ།
ཡེ་ཤུ་མཱ་ཤི་ཀ་རྒྱང་ཤིང་སྒང་ལ་བཀྲོངས་པའི་སྐོར་སྒྲོག་པ།
1 སྤུན་ཟླ་རྣམས། ང་ཐོག་མར་ཁྱེད་ཀྱི་རྩར་ཡོང་སྐབས་ངས་གཏམ་ཤོད་མཁས་པོའམ་ཤེས་རབ་མཐོ་པོའི་སྒོ་ནས་དཀོན་མཆོག་གི་གསང་བ་བསྒྲགས་པ་མ་བྱས། 2 དེ་ནི་ངས་ཁྱེད་ཚོ་མཉམ་དུ་ཡོད་དུས་ཡེ་ཤུ་མཱ་ཤི་ཀ་དང༌། ཁོང་རྒྱང་ཤིང་སྒང་ལ་བཀྲོངས་པའི་སྐོར་མ་གཏོགས་གཞན་ཅིའང་ཁྱེད་ལ་མི་སྒྲོག་པར་ཐག་གཅོད་བྱས་པའི་ཕྱིར་རོ། 3 ང་ལུས་སྟོབས་ཞན་པ་དང་འཇིགས་ནས་ཤིན་ཏུ་འདར་ཏེ་ཁྱེད་ཚོའི་སར་ཡོང༌། 4-5 ཁྱེད་ཀྱི་དད་པ་ནི་མིའི་ཤེས་རབ་ལ་མི་རྟེན་པར་དཀོན་མཆོག་གི་ནུས་མཐུ་ལ་རྟེན་པའི་ཕྱིར། ངས་བློ་སེམས་འགུགས་པའི་མཁས་པའི་གཏམ་མ་ཡིན་གྱིས། དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་སྟོན་པའི་སྒོ་ནས་གཏམ་བཤད་དེ་ཆོས་བསྟན།
དཀོན་མཆོག་གི་མཁྱེན་རབ་ཀྱི་སྐོར།
6 སེམས་ཉིད་སྨིན་པ་རྣམས་ཀྱི་ཁྲོད་དུ་ང་ཚོས་ཤེས་རབ་ཀྱིས་གཏམ་བཤད་མོད། འོན་ཀྱང་ཤེས་རབ་དེ་ནི་དུས་འདི་དང༌། ཡང་ན་དུས་འདིའི་འཇིག་ཏུ་འགྲོ་བའི་དབང་སྒྱུར་མཁན་གྱི་ཤེས་རབ་མ་ཡིན། 7 ང་ཚོས་བཤད་པའི་ཤེས་རབ་ནི་དཀོན་མཆོག་གི་གསང་ཞིང་སྦས་པའི་ཤེས་རབ་དེ་ཡིན། ཤེས་རབ་དེ་ནི་འཇིག་རྟེན་མ་བཀོད་པའི་སྔོན་ལ་དཀོན་མཆོག་གིས་ངེད་རྣམས་གཟི་བརྗིད་དང་ལྡན་པར་མཛད་པའི་ཕྱིར་དགོངས་སོ། 8 དུས་འདིའི་དབང་སྒྱུར་མཁན་རྣམས་ལས་སུས་ཀྱང་ཤེས་རབ་དེ་མ་རྟོགས། རྟོགས་པ་ཡིན་ན་ཁོ་ཚོས་གཟི་བརྗིད་ཀྱི་བདག་པོ་རྒྱང་ཤིང་སྒང་ལ་མི་གསོད། 9 གསུང་རབ་ཀྱི་མདོ་ལས།
དཀོན་མཆོག་ལ་ནི་བརྩེ་བ་ལྡན་པ་ཡི། །
མི་རྣམས་ཆེད་དུ་གྲ་སྒྲིག་གང་མཛད་པ། །
དེ་དག་མིག་གིས་མ་མཐོང་རྣས་མ་གོ །
བསམ་པའི་ནང་དུ་དེ་དག་མ་འཁོར་རོ། །* 2:9 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་64 ཨང་4 ལ་འཁོད་ཡོད།
ཞེས་འཁོད། 10 དཀོན་མཆོག་གིས་དམ་པའི་ཐུགས་ཉིད་བརྒྱུད་ནས་དོན་དེ་རྣམས་ང་ཚོར་མངོན་པར་མཛད། གང་ཡིན་ཞེ་ན། དམ་པའི་ཐུགས་ཉིད་ཀྱིས་དོན་ཐམས་ཅད་དང༌། ཐ་ན་དཀོན་མཆོག་གི་གཏིང་ཟབ་པའི་གསང་བ་ཡང་དཔོག་པས་སོ། 11 མི་ཞིག་གི་རང་གི་སེམས་ཀྱིས་མ་གཏོགས་མི་དེའི་བསམ་པ་སུས་ཤེས། དེ་ལྟར་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་མ་གཏོགས་སུས་ཀྱང་དཀོན་མཆོག་གི་དགོངས་པ་མི་ཤེས། 12 ང་ཚོར་ཐོབ་པ་ནི་འཇིག་རྟེན་འདིའི་ཤེས་རབ་མིན་ཏེ་དཀོན་མཆོག་ནས་བྱུང་བའི་དམ་པའི་ཐུགས་ཉིད་ཡིན། དེ་ནི་དཀོན་མཆོག་གིས་ང་ཚོར་ཐུགས་རྗེ་ཡིས་གནང་བ་རྣམས་རྟོགས་པའི་ཆེད་དུའོ། 13 ང་ཚོས་གང་བཤད་པའི་དོན་རྣམས་མིའི་ཤེས་རབ་ཀྱི་སྒོ་ནས་གསལ་བཤད་མ་བྱས། དེ་ལས་ལྡོག་སྟེ་ང་ཚོས་དམ་པའི་ཐུགས་ཉིད་ཀྱིས་གནང་བའི་ཚིག་གིས་ཐུགས་ཉིད་དང་ལྡན་པ་རྣམས་ལ་ཁོང་གི་བདེན་པ་འདི་ཚོ་གསལ་བཤད་བྱེད། 14 དཀོན་མཆོག་གི་ཐུགས་ཉིད་མི་ལྡན་པ་རྣམས་ཀྱིས་དཀོན་མཆོག་གི་ཐུགས་ཉིད་ནས་ཡོང་བའི་བདེན་པ་དེ་རྣམས་བླུན་རྟགས་ཡིན་པར་རྩི་པས་དང་ལེན་མི་བྱེད། གང་ལགས་ཤེ་ན། དོན་དེ་རྣམས་དཀོན་མཆོག་གི་ཐུགས་ཉིད་ཀྱི་སྒོ་ནས་ཧ་གོ་དགོས་པས་སོ། 15 དཀོན་མཆོག་གི་ཐུགས་ཉིད་དང་ལྡན་པ་ཡིས་དོན་ཐམས་ཅད་དཔོག་ཀྱང༌། གཞན་སུས་ཀྱང་ཁོ་དཔོག་མི་ཐུབ།
16 གཙོ་བོར་གྲོས་འདེབས་བྱེད་པའི་ཕྱིར། །
སུ་ཡིས་ཁོང་གི་ཐུགས་ཤེས་སམ། །† 2:16 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་40 ཨང་13 ལ་འཁོད་ཡོད།
འོན་ཀྱང་ང་ཚོར་མཱ་ཤི་ཀའི་ཐུགས་ཡོད་དོ། །
*ལེའུ་གཉིས་པ།:9 2:9 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་64 ཨང་4 ལ་འཁོད་ཡོད།
†ལེའུ་གཉིས་པ།:16 2:16 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ལེའུ་40 ཨང་13 ལ་འཁོད་ཡོད།